ཨི་རན་གྱི་རྡུལ་མཚོན་ཚན་རིག་པ་གཙོ་བོ་ཞིག་དམར་གསོད་བཏང་འདུག 

དཀྱིལ་ཤར་ཡུལ་གྲུ་ཨི་རན་གྱི་རྡུལ་མཚོན་ཚན་རིག་པ་གཙོ་བོ་ཞིག་ལ། རྒྱང་བཀོལ་ཡོ་ཆས་ཀྱི་མེ་མདའ་བརྒྱབ་ནས་བསད་ཡོད་འདུག་པ་དང་། ཨི་རན་གྱིས་གསོད་མཁན་ཁོངས་སུ་ཨི་ཛེ་རིལ་གྱི་ལག་པ་ཡོད་སྐོར་བརྗོད་ནས་དགྲ་ཤ་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུག 

ཟླ་༡༢ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་རན་གྱི་རྡུལ་མཚོན་ཚན་རིག་པ་གཙོ་བོ་(Mohsen Fakhrizadeh) ཟླ་༡༡ པའི་ཚེས་༢༨ ཉིན་དམར་གསོད་བཏང་ཡོད་འདུག་པ་དང་། ཟླ་༡༢ པའི་ཚེས་༡ ཉིན་ཨི་རན་གྱི་རྒྱལ་ཡོངས་བདེ་སྲུང་ལས་ཁང་གི་འགན་འཛིན་གྱིས་ཚན་རིག་པ་དེའི་ཐོག་རྒྱང་བཀོལ་ཡོ་ཆས་ཀྱི་མེ་མདའ་བརྒྱབ་ནས་དམར་གསོད་བཏང་ཡོད་སྐོར་བརྗོད་འདུག་ཀྱང་། ཨི་རན་གྱི་སྐད་ཆ་མི་མཐུན་པ་ཁག་ཅིག་བཤད་ཡོད་འདུག ཐོག་མར་བདེ་སྲུང་ལྷན་ཁང་གིས་ཚན་རིག་པའི་སྐུ་སྲུང་བ་དང་མེ་མདའ་འཁྱེར་མཁན་མི་ཁ་ཤས་བར་མེ་མདའ་རྒྱག་རེས་བྱས་ཡོད་སྐོར་བརྗོད་འདུག དེའི་རྗེས་སུ་ཨི་རན་གྱི་བརྒྱུད་ལམ་ཞིག་ཏུ་འཇིགས་སྐུལ་རིང་ལུགས་པ་གསུམ་ནས་བཞི་བར་ཞིག་དམར་གསོད་བཏང་ཐུབ་ཡོད་སྐོར་བརྗོད་འདུག མཐའ་མ་དེར་ཨི་རན་གྱི་བརྒྱུད་ལམ་ཁག་ཏུ་ཚན་རིག་པ་རྒྱང་བཀོལ་ཡོ་ཆས་(remote-controlled) ཀྱི་མེ་མདའ་བརྒྱུད་ནས་དམར་གསོད་བཏང་སྐོར་གནས་ཚུལ་སྤེལ་རྗེས། བདེ་སྲུང་ལས་ཁང་གིས་ཀྱང་དེ་ལྟར་བསྒྲགས་ཡོད་འདུག 

ཨི་རན་གྱིས་ཚན་རིག་པ་དེ་དམར་གསོད་གཏོང་རྩིེས་ཡོད་པའི་གནས་ཚུལ་སྔོན་ཚུད་ནས་ཤེས་རྟོགས་བྱུང་ཡོད་པ་དང་། དམར་གསོད་ཀྱི་རྒྱབ་ཏུ་ཨི་ཛེ་རིལ་དང་སྐྱབས་བཅོལ་དུ་ཡོད་པའི་ཨི་རན་གྱི་ཕྱོགས་འགལ་ཚོགས་པ་(Mujahideen-e Khalq) གཉིས་ཡོད་པ་དང་། དམར་གསོད་དེའི་དགྲ་ཤ་ངེས་པར་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུག་ཀྱང་། ཨི་ཛེ་རིལ་གྱིས་དམར་གསོད་རྒྱབ་ཏུ་སུ་ཡོད་པ་ཤེས་ཀྱི་མེད་སྐོར་བརྗོད་འདུག 

གནད་དོན་དེ་དང་འབྲེལ་ནས་ཨི་རན་གྱི་བརྒྱུད་ལམ་ཁག་ཏུ། དགྲ་ཤ་ལེན་པའི་ཉེན་ཁའི་སྐོར་དང་། དེ་བཞིན་དམར་གསོད་དེ་ནི་ཨི་ཛེ་རིལ་གྱིས་ཆེད་དུ་མངགས་ནས་ཨི་རན་གྱི་རྡུལ་མཚོན་ལས་གཞིའི་གནད་དོན་ཐོག་གི་རྙོག་གྲ་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པས། ཨི་ཛེ་རིལ་གྱི་དྲ་རྙིར་ཚུད་མི་རུང་སྐོར་བརྗོད་བཞིན་འདུག ཨི་ཛེ་རིལ་གྱི་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་ནི་ཨི་ཛེ་རིལ་གྱིས་ཨ་རིའི་སྲིད་འཛིན་འདེམས་ཐོན་རྗོ་བྷའེ་ཌན་ལ། གལ་ཏེ་ཁོང་གིས་ཨི་རན་དང་ཨ་རི་བར་གྱི་རྡུལ་མཚོན་གྲོས་མཐུན་དེ་བསྐྱར་དུ་ནུས་ཡོད་བཟོས་ཚེ། ཨི་ཛེ་རིལ་གྱིས་དགག་བྱ་བྱེད་རྒྱུ་ཡིན་པའི་བརྡ་ལན་གཏོང་ཐབས་ཡིན་སྐོར་བསྒྲགས་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།