ཨོ་གླིང་བོད་དོན་རྒྱབ་སྐྱོར་བ་ལྕམ་ཇིན་ནེས་སྣེ་ཁྲིད་དེ་རྐང་འཁོར་སྐོར་བསྐྱོད་ཀྱིས་བོད་དོན་གོ་རྟོགས་སྤེལ།
ཟླ་འདིའི་ཚེས་༣༠ ཉིན་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ཇིན་ནེའི་སྣེ་ཁྲིད་འོག་བོད་དོན་གོ་རྟོགས་སྤེལ་ཆེད་ཉིན་གྲངས་༡༧ རིང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བར་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པས་ཐུགས་རྗེ་ལེགས་འབུལ་ཞུས་འདུག

ཨོ་གླིང་ལྗང་ཁུ་ཚོགས་པའི་འཐུས་མི་ཟུར་བ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་ཇེན་ནེ་ཡིས་སྣེ་ཁྲིད་པའི་འོག ཟླ་འདིའི་ཚེས་༡༤ ནས་༣༠ བར་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་ནས་ཝིག་ཊོ་རི་ཡའི་བར་ཉིན་གྲངས་༡༧ རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་པ་དང་།
ལྕམ་ནེན་ནེས་ལས་འགུལ་དེ་སྤེལ་དགོས་དོན་ནི་བོད་དང་པ་ལི་སི་ཐན། དེ་བཞིན་(West Papuan) ་བཅས་ཀྱི་གནད་དོན་དག་དྲིལ་བསྒྲགས་བྱེད་རྒྱུ་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞེས་ཁོང་གི་ངོ་དེབ་ཐོག་ཏུ་བཀོད་འདུག
འདས་པའི་ཉིན་གྲངས་༡༧ རིང་སྤྱི་ལེ་༨༥༠ ཙམ་ལ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།ཁ་སང་ཚེས་༣༠ དང་ལས་འགུལ་གྱི་ཉིན་མཐའ་མ་དེར་ཁོང་ཉིད་ཀྱིས་ས་གནས་(Dandenong) ་ནས་(Footscray) བར་སྐོར་བསྐྱོད་གནང་སྐབས། ས་གནས་བོད་རིགས་མཐུན་ཚོགས་དང་ལྗང་ཁུ་ཚོགས་པའི་སྐུ་ཚབ་མཉམ་འབྲེལ་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག་ལ། བོད་རིགས་སྤྱི་མཐུན་ཚོགས་པས་ཉིན་གུང་ཆུ་ཚོད་༡༢ ཐོག་(Oakleigh) ་ལ་ཉིན་གུང་ཞལ་ལག་གོ་སྒྲིག་དང་། ཉིན་རྒྱབ་ཕྱི་དྲོ་ཆུ་ཚོད་༣ པའི་ཐོག་དབྱིན་ཡིག་ཏུ་(Footscray Community Arts Center)་ཞེས་པའི་ལྟེ་གནས་ཁང་གི་མདུན་ཐང་དུ་བོད་པའི་ལམ་སྲོལ་བཞིན་སྒོ་ཆེན་བརྒྱབ་སྟེ་རྐང་འཁོར་བསྐོར་བསྐྱོད་པ་རྣམས་ལ་ཕྱེ་མར་འདེགས་འབུལ་དང་ཁ་བཏགས་བསྒྲོན་པ། གླུ་གཞས་གཟིགས་འབུལ་བཅས་ཞུས་ཡོད་འདུག
སྐབས་དེར་ལྕམ་ཇེན་ནེ་ཡིས་ཀྱང་སེམས་འགུལ་ཐེབས་ཤིང་དགའ་ཚོར་ཆེན་པོ་བྱུང་བ་དང་མ་འོངས་པར་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་སོགས་ཀྱི་ཐད་ཤུགས་རྒྱག་རྒྱུ་ཡིན་སོགས་ཀྱི་གཏམ་བཤད་ཀྱང་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།