༧གོང་ས་མཆོག་གིས་དབུ་མ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་བ།
དེ་རིང་ཞོགས་པའི་ཆུ་ཚོད་༩ ཡས་མས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་སྙིང་པོའི་གསུང་ཆོས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་འཛུགས་གནང་སོང་།
ཕྱི་ལོ་༢༠༡༩ ཟླ་ ༢ ཚེས་༢༠ ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་དད་ལྡན་ཆོས་ཞུ་བ་བོད་པ་དང་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་མི་རིགས་སེར་སྐྱ་གཉིས་ཀྱིས་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་སྟེང་འོག་ཚང་མར་གང་འདུག གསུང་ཆོས་འདི་རྩ་ཆེན་པོ་ཡིན་པ་དང་༧གོང་ས་མཆོག་གིས་ཀྱང་ཐེངས་དང་པོ་གནང་བ་ཡིན་སྟབས་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཡོང་བར་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་གསུང་ཆོས་ཞུ་མཁན་དགེ་འདུན་པ་ཞིག་གིས་གསུངས་སོང་།
ཐེངས་འདིར་༧གོང་ས་མཆོག་གིས་རྣམ་དག་རིག་པས་བློ་གྲོས་ཀྱི་མིག་སྦྱང་དགོས་པ་ལས་ལུང་ཙམ་གྱི་དད་པས་འདང་གི་ཡོད་མེད་པའི་སྐོར་དང་། གཞན་ཡང་ནང་ཆོས་ངོ་སྤྲོད་སྟངས་བདེན་གཉིས་དང་བདེན་བཞི་འབྲེལ་ནས་གསུངས་པ་དང་བསྟུན་གཞུང་བལྟ་རྒྱུ་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་སོང་ལ། དེ་བཞིན་དུས་རབས་ཉེར་གཅིག་པའི་སློབ་སྦྱོང་གནང་སྟངས་སྐོར་ལ་ཕྱི་ནང་ཆོས་ཀྱི་ལྟ་གྲུབ་མ་འདྲ་བ་གང་ཡོད་པ་ཚང་མ་ཤེས་པར་བྱས་ཏེ། དེ་དག་གི་ཁྱད་པར་ཡག་པོ་ཞིག་ཤེས་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་ཐུན་མོང་མ་ཡིན་པའི་འགྲོ་སྟངས་གང་ཡོད་པ་རྒྱུ་མཚན་ལྡན་པ་དང་ལུང་གི་སྒྲུབ་བྱེད་ཙམ་མིན་པར། རིག་པའི་སྒྲུབ་བྱེད་ཡོད་པ་དེ་ཚོ་སློབ་སྦྱོང་བྱས་ཏེ་ཕལ་གྱི་རྒོལ་བས་སྐྱོན་བརྗོད་འདྲ་བྱུང་བ་ཡིན་ན་ཞིབ་ཚགས་པོས་ལན་རྒྱག་རྒྱུ་ཡོད་པ་དགོས་གལ་ཆེ་བར་གསུངས་སོང་།
གཞན་ཡང་དབུ་མ་སྙིང་པོའི་བཤད་ལུང་གསན་བཞེས་གནང་བའི་སྐོར་ལ། ༧གོང་ས་མཆོག་གིས་དབུ་མ་སྙིང་པོའི་བཤད་ལུང་ཞིག་དགོས་གལ་ཆེ་བར་དགོངས་ཏེ་རྫོང་སར་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་དབུ་མ་སྙིང་པོའི་མཆན་འགྲེལ་ཞིག་རྩོམ་རོགས་ཞུས་པ་ལྟར་མཁན་རིན་པོ་ཆེས་ཞལ་བཞེས་གནང་སྟེ་རྩ་འགྲེལ་གཉིས་ཀྱི་བཤད་ལུང་གི་རྒྱུན་༧གོང་ས་མཆོག་ལ་ཕུལ་བ་ཡིན་འདུག
དེ་མིན་དེང་སང་རྫོང་ཁ་དང་བྷོ་ཊིའི་སྐད་མིང་ག་རེ་བཏགས་པ་དང་གདངས་འདྲ་མི་འདྲ་ག་རེ་བཤད་ཀྱང་ཡི་གེ་དེ་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་གཏན་ལ་ཕབ་པའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེའི་ནང་གང་ཡོད་པ་དེ་ཡིན་དགོས་པ་སོགས་གསུངས་སོང་།
དེ་རིང་གི་གསུང་ཆོས་གནང་རྒྱུའི་དབུ་མ་སྙིང་པོའི་རྩ་བ་ནི་རྒྱ་གར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་ཅིང་དེའི་མཆན་འགྲེལ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་ལྗགས་རྩོམ་གནང་བའི་ཐོག་༧གོང་ས་མཆོག་གིས་ཉིན་བཞིའི་རིང་བཤད་ལུང་གནང་རྒྱུ་ཡིན་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།