༧གོང་ས་མཆོག་ལ་ཁ་ཆེ་དྲག་སྤྱོད་པར་རྒྱབ་སྐྱོར་བྱས་པའི་སྐྱོན་བརྗོད།

རྒྱ་གཞུང་དཔོན་རིགས་ཀྲུའུ་ཝེན་ཆོན་གྱིས་༧གོང་ས་མཆོག་གིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨཡེ་སི་སི་དང་མཉམ་དུ་གྲོས་མོལ་བྱེད་དགོས་པར་གསུངས་པར་སྐྱོན་བརྗོད་བྱས་འདུག

དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་གསར་ཤོག་ལཱ་སེ་ཊེམ་(La Stamp)གྱིས་ཟླ་འདིའི་ཚེས་༧ ཉིན་བཅར་འདྲི་བྱས་པས། ༧གོང་ས་མཆོག་གིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨཡེ་སི་སི་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་དེ་ནི་ཞི་བདེ་ཡོང་ཐབས་ཀྱི་ཐབས་ལམ་ཡག་ཤོས་ཡིན་སྐོར་གསུངས་པས། རྒྱ་ནག་གྲངས་ཉུང་མི་རིགས་དང་ཆོས་དོན་ལྷན་ཁང་གི་ཚོགས་གཙོ་ཀྲུའུ་ཝེན་ཆོན་གྱིས་“ཏཱ་ལའི་བླ་མས་ཁ་ཆེ་དྲག་སྤྱོད་རིང་ལུགས་པར་ཤ་ཚ་དང་རྒྱབ་སྐྱོར་ཡོད་པ་གསལ་པོ་རེད། ཏཱ་ལའི་བླ་མས་དྲག་སྤྱོད་པར་ཤ་ཚ་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་གིས་ད་བར་ཆབ་སྲིད་ཀྱི་འཚོ་བའི་ནང་འཚེ་བ་དོར་མེད་པ་རེད།”ཅེས་སྐྱོན་བརྗོད་བྱས་སྐོར་རྒྱ་གཞུང་གི་གསར་ཤོག་Global Timesཞེས་པའི་གསར་ཤོག་སྟེང་བཀོད་འདུག

རྒྱ་ནག་གིས་ཁ་ཆེ་དྲག་སྤྱོད་པར་འཛམ་གླིང་རྒྱལ་ཁབ་གཞན་གྱིས་དྲག་རྒོལ་བྱེད་པར་རྒྱབ་སྐྱོར་གང་ཡང་བྱས་མེད་པ་རེད་དེ། དེ་སྔོན་ཧྥ་རན་སིར་མི་གསོད་ཁྲག་སྦྱོར་བྱུང་རྗེས། རྒྱ་ནག་གིས་ཡུ་གུར་མི་རིགས་མང་པོ་ཞིག་དྲག་སྤྱོད་པ་ཡིན་ལུགས་བཤད་ནས་བསད་ཡོད་པ་དང། དེ་བཞིན་དྲག་སྤྱོད་ཚོགས་པས་རྒྱ་ནག་མི་རིགས་ཤིག་བསད་པས། རྒྱ་གཞུང་ནས་དགྲ་ཤ་ལེན་རྒྱུ་ཡིན་སྐོར་བཤད་ཡོད་པ་ལས། ད་བར་དམག་གི་ཐོག་ནས་གང་ཡང་བྱས་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།