༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྐྱངས་ལ་ཉེ་བའི་མཛད་འཆར་ཁག
ཕྱི་ཟླ་༩ པའི་ཚེས་༢༩ ནས་ཕྱི་ཟླ་༡༢ ཚེས་༩ བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་མང་པོ་ཞིག་བསྐྱངས་གཏན་ཁེལ་འདུག་ཅིང་། ཚེས་གྲངས་ལ་འགྱུར་བ་མ་ཕྱིན་ཚེ་དུས་ཚོད་གཤམ་ལྟར་ཡིན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་དྲྭ་བའི་ཐོག་ཏུ་བཀོད་པའི་གནས་ཚུལ་ལྟར་ན།
ཕྱི་ཟླ་༩ ཚེས་༢༧ ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གསར་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་དབུ་འབྱེད་གནང་རྒྱུ་དང་།
ཕྱི་ཟླ་༡༠ ཚེས་༢ ནས་ཚེས་༤ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ། ཕྱི་ཟླ་༡༠ ཚེས་༡༡ ནས་ཚེས་༡༢ འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་རིང་སྒང་ཏོག་འབྲས་ལྗོངས་དཔལ་འབྱོར་རྩེད་ཐང་དུ་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ། དེ་ཡང་ཚེས་༡༡ཉིན་གྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཚེས་༡༢ཉིན་གྱི་སྔ་དྲོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ། ཕྱི་ཟླ་༡༠ཚེས་༡༥སྔ་དྲོ་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་ནང་ཆོས་ངོ་སྤྲོད་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ།
ཕྱི་ཟླ་༡༡ ཚེས་ ༢༦རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྷེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་གྲྭ་ཚང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ། ཕྱི་ཟླ་བ་ ༡༢ ཚེས་ ༣རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྷེལ་ཀོབ་ལ་རྟེན་གཞི་བྱས་པའི་སེར་བྱེས་གྲྭ་ཚང་དུ་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ། ཕྱི་ ཟླ་ ༡༢ ཚེས་ ༩ རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྷེལ་ཀོབ་ལ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པར་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དང་། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། ཕྱི་ཟླ་ ༡༢ ཚེས་ ༡༣ རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཧུན་སུར་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་གསང་བ་འདུས་པའི་རིམ་ལྔའི་ཁྲིད་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ། ཕྱི་ཟླ་༡༢ ཚེས་ ༢༩ ནས་ཚེས་ ༣༡ གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ། དེ་ཡང་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་སྔ་དྲོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༣༡ སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ། ཕྱི་ ཟླ་༡ ཚེས་ ༡ གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
