༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་འཛམ་གླིང་གི་ཟིན་ཐོ་གསར་པ་འཇོག་ཐབས།

ད་ལྟ་ཡང་གར་སོང་ཆ་མེད་ཡིན་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན། རྒྱལ་སྤྱིའི་ཐོག་ནས་ཁོང་གི་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་སླེབས་ཆེད་དུ། ད་བར་འཛམ་གླིང་ནང་སྐྱེས་སྐར་གྱི་འཁུར་རའི་སྟེང་ཡང་ལ་མང་ཤོས་སྤར་མཁན་གྱི་ཟིན་ཐོ་གསར་པ་འཇོག་ཐབས་བྱས་ཡོད་པ་རེད་འདུག

ཟླ་༤ པའི་ཚེས་༢༥ ཉིན་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༢༩ ལ་ཕེབས་ཀྱི་ཡོད་པ་དང་བསྟུན་ནས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་གཉིས་ཀྱིས། རྒྱལ་སྤྱིའི་ཐོག་ནས་ཁོང་གི་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཐོབ་ནས། རྒྱ་ནག་ལ་གནོན་ཤུགས་སླེབས་ཆེད་དུ། དེ་སྔོན་སྐྱེས་སྐར་གྱི་འཁུར་ར་ཞིག་གི་ཐོག་ཡང་ལ་༧༢༥༨༥ སྤར་ནས། འཛམ་གླིང་ནང་སྐྱེས་སྐར་གྱི་འཁུར་རའི་སྟེང་ཟིན་ཐོ་བཞག་ཡོད་པ་དེ་ལས་བརྒལ་ཏེ། ༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་འཁུར་རའི་སྟེང་ཡང་ལ་༡༣༠༠༠༠ སྤར་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་འཇོག་ཐབས་བྱས་འདུག ད་ལྟའི་ཆར་འཛམ་གླིང་གྷི་ནི་སེ་ཟིན་ཐོ་ཚོགས་པ་ནས། ལས་འགུལ་དེར་གཞུང་འབྲེལ་གྱི་ངོས་ལེན་ཡིག་ཆ་གཏོང་རྒྱུ་ཡིན་འདུག

ཉིན་དེའི་ལས་འགུལ་ལ་སྦེལ་ཀོབ་ཏུ་གནས་སྡོད་བྱེད་མཁན་མི་མང་དང་སློབ་ཕྲུག་མང་པོ་མཉམ་ཞུགས་བྱས་ཡོད་པ་དང་། ལས་འགུལ་རྗེས་སུ་འཁུར་ར་ཆེན་པོ་དེ་འཕྲོ་བརླག་མི་འགྲོ་ཆེད་མི་མང་ལ་བཀྲམས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།