༧རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི།

བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པའི་གོ་སྒྲིག་འོག་ཨ་རིའི་ནིའུ་ཡོག་ནིའུ་ཇར་སི་རུ་རྟེན་གཞི་བྱས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་༧རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག
དེ་ཡང་བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པའི་གོ་སྒྲིག་པ་ཞིག་གིས་འདི་གར་གནས་ཚུལ་བཏང་གསལ་ལ། ཕྱི་ལོ་༢༠༢༣ ཟླ་༦ པའི་ཚེས་༡༨ ཉིན་རྒྱབ་ཏུ་བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པའི་གོ་སྒྲིག་འོག་ཨ་རིའི་ནིའུ་ཡོག་ནིའུ་ཇར་སིས་མི་མང་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་༧རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བླ་མ་ཚེ་དབང་རིན་པོ་ཆེ་དང་དོན་གཅོད་སྐུ་ཚབ། བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་དང་། སྤྱི་འཐུས་ཟུར་པ། ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ། ཧི་མ་ལ་ཡའི་ནང་པའི་ཚོགས་པའི་ཚོགས་གཙོ། བལ་ཡུལ་ཚོགས་པ་ཁག་གི་ཚོགས་གཙོ། འབྲུག་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་གཙོས་པའི་ཧི་མ་ལ་ཡའི་བོད་རིགས་དང་བོད་པ་བཅས་སྐྱ་སེར་མང་པོ་འཛོམས་ཡོད་འདུག ཐོག་མར་དགེ་འདུན་པ་རྣམས་ཀྱིས་༧རྒྱལ་དབང་ཀརྨ་པའི་ཞབས་རིམ་སྒྲོལ་ཆོག་སོགས་གསུངས་ཡོད་པ་དང་། དེ་རྗེས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་འདུག སྤྱིར་གོ་སྒྲིག་པས་འཁྲུངས་སྐར་ཆེད་དུ་ཚོགས་པ་ཁག་གི་གཞས་སྣ་སོགས་དགའ་སྤྲོའི་རྣམ་པ་སྟོན་བྱེད་མང་པོ་ཞིག་གྲ་སྒྲིག་བྱས་ཡོད་འདུག་ཀྱང་ཉེ་ཆར་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་གཤེགས་ཡོད་པས། གཞས་སོགས་དགའ་སྤྲོའི་རྣམ་པ་སྟོན་བྱེད་དག་ཕྱིར་འཐེན་བྱས་ཏེ་བྱེད་སྒོ་གཙོ་བོ་ཆོས་ཕྱོགས་ཀྱིས་སྲུང་བརྩི་ཞུས་ཡོད་འདུག




དེ་བཞིན་བོད་གཞིས་བྱེས་གཉིས་དང་འཛམ་གླིང་ས་ཕྱོགས་གང་སར་ནས་ཀྱང་༧རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ལྟར་རྒྱ་གར་ནས་ཀྱང་སྦིར་སྡེ་ནང་གཉིས་དང་ལི་ལི་གཞིས་གྲོང་བཅས་ཀྱི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་ཉིན་གསུམ་པའི་ཚོགས་གསེང་དུ་སྡེ་དགེ་ལྷུན་འགྲུབ་སྟེང་གི་མདུན་ཐང་དུ་གྲ་རྒྱས་ཕུན་སུམ་ཚོགས་པའི་ངང་སྲུང་བརྩི་ཞུས་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།
