༸གོང་ས་མཆོག་གིས་དྲུག་བཞིའི་དྲན་གསོ་ཁང་གི་དབུ་འབྱེད་མཛད་སྒོར་གསུང་འཕྲིན་བསྩལ་འདུག
ཟླ་འདིའི་ཚེས་ ༢ ཉིན་ཏེ་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་དམར་ཤོག་གཞུང་གིས་རང་དབང་དང་མང་གཙོ་དོན་གཉེར་གནང་མཁན་གྱི་སློབ་ཕྲུག་ཚོར་དྲག་གནོན་དམར་གསོད་བྱས་པའི་གནད་དོན་རྗེས་དྲན་ཆེད་དང་། དེའི་སྐབས་ཀྱི་རང་དབང་དང་མང་གཙོའི་ལས་འགུལ་གྱི་ནུས་ཤུགས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་ཡོང་ཆེད། སྐབས་དེའི་སློབ་ཕྲུག་འགོ་ཁྲིད་ཐུན་མོང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དྲུག་བཞིའི་དྲན་གསོ་ཁང་ཞེས་པའི་འགྲེམས་སྟོན་ཁང་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་གནང་འདུག

སྐབས་དེའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ས་ཕྱོགས་གང་ས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། མང་གཙོ་དོན་གཉེར་བ། ལྷག་པར་ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་དྲུག་པའི་ཚེས་བཞི་ཉིན་སློབ་ཕྲུག་གི་ཞི་བའི་སྒེར་ལངས་ལ་དྲག་པོའི་དམར་གསོད་བྱུང་བའི་ཁྲོད་ནས་གསོན་པོར་ཐར་ནས་ཕྱིས་སུ་བྲོས་བྱོལ་ཐུབ་པའི་རྒྱ་ནག་མང་གཙོར་སྣེ་འཁྲིད་གནང་མཁན་མང་པོ་འདུ་འཛོམས་གནང་ཡོད་པ་མ་ཟད། གསར་ཁང་མི་འདྲ་བ་ ༤༠ ལྷག་གི་གསར་འགོད་པ་སླེབས་ནས་འགྲེམས་སྟོན་ཁང་དེའི་དབུ་འབྱེད་མཛད་སྒོ་ཐད་གཏོང་དང་གསར་འགྱུར་གསར་སྤེལ་གནང་འདུག
དྲན་གསོའི་འགྲེམས་སྟོན་ཁང་དབུ་འབྱེད་མཛད་སྒོའི་ལས་རིམ་སྐུ་ཞབས་ཡུའུ་ཏ་ཧའེ་ཡིས་མདོ་འཛིན་གནང་བ་དང་། སྐུ་ཞབས་ཝང་ཏན་གྱིས་འགྲེམས་སྟོན་ཁང་གསར་འཛུགས་དགོས་པའི་རྒྱུ་མཚན་དང་བརྒྱུད་རིམ་བཅས་ཚོགས་ཞུགས་པ་རྣམས་ལ་འགྲེལ་བརྗོད་གནང་བའི་རྗེས། ༸གོང་ས་མཆོག་གིས་དྲན་གསོ་ཁང་དབུ་འབྱེད་ལ་བསྩལ་པའི་གསུང་འཕྲིན་དེ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ཡིས་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་རྣམས་ནས་གཏམ་བཤད་གནང་བའི་ནང་། གྲགས་ཅན་མང་གཙོ་དོན་གཉེར་བ་སྐུ་ཞབས་ཝེ་ཅིང་ཧྲེང་དང་། སྐུ་ཞབས་ཧུ་ཕིང་། ཨ་རྒྱའི་ཆབ་སྲིད་ལ་རྒྱུས་མངའ་ཧ་ཅང་ཆེ་བའི་སྐུ་ཞབས་པེ་རི་ལིངྒ་ (Perry link) ། དེ་བཞིན་དྲུག་བཞིའི་སློབ་ཕྲུག་སྣེ་འཁྲིད་པ་སྐུ་ཞབས་ཀྲུའུ་ཧྥང་སོ། སྐུ་ཞབས་ཐེང་པཡོ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་པ་སོགས་ནས་དྲན་གསོའི་འགྲེམས་སྟོན་ཁང་གི་གལ་ཆེའི་རང་བཞིན་དང་མ་འོངས་འགྲོ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གནང་བ་དང་དེ་ཉིད་ནིའུ་ཡོག་ནང་འགོ་འཛུགས་ཐུབ་པར་བཀྲ་ཤིས་མཚམས་འདྲི་ཞུས་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
