༸རྒྱལ་བ་ཡིད་བཞིན་ནོར་བུ་དང་བོད་གཞུང་ནི་ང་ཚོའི་རེ་བ་བཅོལ་ས་ཡིན།
ཟླ་འདིའི་ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་སར་གནས་སྡོད་བོད་མི་ཞིག་གི་འཕྲིན་ཡིག་འབྲེལ་ཡོད་ལས་བྱེད་ཅིག་ལ་འབྱོར་བའི་ནང། “དེང་སང་ལྷ་ས་ཁུལ་དུ་ཧ་ཅང་གི་དམ་བསྒྲགས་ཆེ་བ་དང་། འཇམ་རྩུབ་ཅི་རིགས་ཀྱི་སྒོ་ནས་སློབ་གསོ་སྣ་ཚོགས་གཏོང་གི་ཡོད་སྟབས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་ས་མེད་པ་སྨོས་ཅི། ཐ་ན་འགུལ་ཙམ་ཡང་བྱེད་ས་མེད་པ་ལྟ་བུའི་གནས་སྟངས་འོག་གནས་ཡོད་ཀྱང་། བོད་རིགས་རྒན་དར་གཞོན་གསུམ་ཚང་མ་སེམས་ཤུགས་སྔར་ལས་ཆེ་བར་གནས་ཡོད་པས་ཐུགས་བདེ་པོ་གནང་རོགས་”ཞེས་འཁོད་འདུག
དེ་བཞིན་ཡིག་དེའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ལྕལ་ནན་སི་པོ་སིས་དབུ་ཁྲིད་ནས་ལྷ་སར་ཕེབས་སྐབས་ཀྱི་སྐོར་འཁོད་དོན། “ང་ཚོ་མི་རབས་རྒན་པ་རྣམས་ཉིན་ལྟར་རྩེ་ཕོ་བྲང་དང་། གཙུག་ལག་ཁང་དུ་ཞབས་བསྐོར་ཕྱིན་ནས་ཕྱག་མཆོད་འབུལ་དང་། ༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་ནས་རྩེ་ཕོ་བྲང་དུ་སླར་ཡང་༸ཞབས་སོར་འཁོད་ཐུབ་པའི་སྨོན་ལམ་འདེབས་རྒྱུ་དང་། གཞོན་སྐྱེས་རྣམས་ལ་སློབ་སྦྱོང་དང་ཀུན་སྤྱོད་ཡག་པོ་ཡོང་བ་བྱེད་དགོས་པ་དང་། མི་རིགས་ཀྱི་ལ་རྒྱ་དམ་སྲུང་དགོས་པའི་སློབ་གསོ་བརྒྱབ་རྒྱུ་དེ་གཉིས་ནི་ང་ཚོའི་ཉིན་ལྟར་གྱི་ལས་ཀ་ལྟ་བུ་ཆགས་ཡོད། ཟླ་བ་འདིའི་ཟླ་འགོའི་ཉིན་ཞིག་ང་ཚོ་གྲོགས་པོ་ཁ་ཤས་སྔོན་ལ་ཕོ་བྲང་ཞབས་བསྐོར་དང་། དེ་ནས་གཙུག་ལག་ཁང་དུ་མཆོད་མཇལ་དང་ཞབས་བསྐོར་ལ་འགྲོ་སྐབས་རྒྱུན་ལྡན་དང་མི་འདྲ་བའི་སྣང་ཚུལ་ཞིག་མཐོང་བྱུང་། དེ་ནི་རྣམ་ཀུན་བར་སྐོར་ནང་འགྲོ་སྐབས་སྒོ་ཆེ་ཆུང་མི་འདྲ་བ་༡༡ ཙམ་ཡོད་པ་དེ་དག་ཚང་མ་གློག་གི་བརྟག་དཔྱད་བྱེད་མཁན་སྡོད་ཀྱི་ཡོད་པ་དེས་ང་ཚོའི་ སེམས་ནང་སུན་གཙེར་ཧ་ཅང་བཟོས་ཡོང་གི་འདུག འོན་ཀྱང་དེ་ཉིན་གློག་གི་བརྟག་དཔྱད་བྱེད་སའི་སྒོ་ཚང་མ་བཤིག་ནས་སྒོ་བཞི་ཙམ་ལས་མི་འདུག ང་དང་ངའི་རོགས་པ་ཚང་མའི་སེམས་ནང་སྒོ་དེ་དག་བཤིག་དགོས་དོན་ག་རེ་ཡིན་ནམ་བསམ་པའི་ཚོད་དཔག་གཏན་ནས་ཐུག་མ་སོང་། རྗེས་སུ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ཉིན་གསུམ་རིང་ལྷ་སར་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་པ་རེད་ཟེར་བ་དེ་གོ་རྗེས་རྣམ་ཀུན་བར་སྐོར་ནང་བཙུགས་པའི་སྒོ་དེ་དག་བཤིག་དགོས་པའི་རྒྱུ་མཚན་ངོ་མ་ག་རེ་ཡིན་མིན་གཞི་ནས་ཤེས་རྟོགས་ཐུབ་པ་བྱུང་། བོད་ནང་ཡོད་པའི་མི་མང་རྣམས་ནས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཐུག་རྒྱུར་འདོད་མོས་ཆེན་པོ་ཡོད་ཀྱང་། དེ་ནི་ཡོང་ཐབས་མེད་པ་ཞིག་རེད། རྒྱ་ནག་གཞུང་གིས་ལྟ་རྟོག་འོག་སྐུ་ཚབ་ཚོགས་ཆུང་གིས་བོད་ཀྱི་གནས་སྟངས་ཆ་ཚང་གཟིགས་ཐུབ་ཐབས་བྲལ་ཡང་། ལྷ་སར་ཕེབས་ཐུབ་པ་ཙམ་གྱིས་ང་ཚོ་ཧ་ཅང་དགའ་པོ་བྱུང་”ཞེས་འཁོད་འདུག
འཕྲིན་ཡིག་དེའི་མཇུག་ཏུ། “ང་ཚོར་ཤོད་ས་མེད་པའི་དཀའ་ངལ་སྣ་ཚོགས་ཤིག་ཡོད་ཀྱང་། བྱབ་གཏན་ནས་སྐྱེལ་གྱི་མ་རེད། ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་རྣམས་ཐུགས་བདེ་པོ་གནང་རོགས། རྒྱ་གར་གྱིས་གཙོས་ཕྱི་རང་དབང་ལུང་པར་བཞུགས་མཁན་བོད་པ་ཚོས་ཀྱང་སྔར་བཞིན་༸ རྒྱལ་བ་ཡིད་བཞིན་ནོར་བུའི་ལམ་སྟོན་ལྟར་ཧུར་ཐག་འབད་ཐག་གནང་རོགས་གནང་། ང་རང་ལ་མཚོན་ན། ད་ལྟའི་གཟུགས་པོའི་གནས་སྟངས་ལེགས་ཀྱང་ལོ་ན་མཐོ་ཙམ་ཡིན་སྟབས་གཅིག་བྱས་ན་གཞིས་བྱེས་མཉམ་འཛོམས་ཀྱི་རྣམ་པ་དེ་ངས་མཐོང་གི་རེད། གཅིག་བྱས་ན་མཐོང་གི་མ་རེད། མཐོང་མིན་གང་ལྟར་ཡང་རྡ་རམ་ས་ལར་ཡོད་པ་གཉིས་༸རྒྱལ་བ་ཡིད་བཞིན་ནོར་བུ་དང་། བོད་གཞུང་ནི་ང་ཚོའི་རེ་བ་བཅོལ་ས་དང་། སེམས་བཞག་ས་ཡིན། ཧུར་ཐག་གནང་རོགས་”ཞེས་འཁོད་འདུག །
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་པས་ཕྱི་ཟླ་༡༡ ཚེས་༥ ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། ཧོང་ཀོང་། བོད་ཀྱི་རྒྱལ་ས་ལྷ་ས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། ཕྱི་ཚེས་༩ ནས་༡༡ བར་ཉིན་གྲངས་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་ཏེ་བོད་རང་སྐྱོང་ལྗོང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆོན་གོ་(Chen Quanguo) དང་། དེ་བཞིན་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་པད་མ་འཕྲིན་ལས་སོགས་ཐུགས་འཕྲད་གནང་ནས་བོད་ཀྱི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་རང་དབང་སོགས་ཀྱི་གནས་སྟངས་ཐད་གླེང་སློང་གནང་ཡོད་སྐོར་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སིས་གསུངས་འདུག
དེ་ཡང་ཁོང་གིས་གསུང་དོན། ༢༠༠༨ ལོར་བོད་ནང་ངོ་རྒོལ་རྔམས་སྟོན་དང་ཟིང་འཁྲུག་ཆེན་མོ་བྱུང་བ་ནས་བཟུང་། ད་བར་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་བོད་ནང་ཕེབས་པ་འདི་ཐེངས་དང་པོ་དེ་ཆགས་ཡོད། བོད་ཀྱིས་གཙོས་རྒྱ་ནག་ནང་དུ་འཛུགས་སྐྲུན་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་སེམས་ཚབས་བྱེད་བཞིན་ཡོད་པ་མ་ཟད། དེར་གདོང་ལེན་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་པ་མངོན་བྱུང་། འོན་ཀྱང་ང་ཚོས་རྒྱ་ནག་གཞུང་ལ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྨྲ་བརྗོད་ཀྱི་རང་དབང་སོགས་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་དང་ལེན་བྱེད་དགོས་པ་མ་ཟད། ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་མང་ཚོགས་དཀྱུས་མ་སོགས་བོད་ནང་དུ་དམ་དྲག་བཀག་འདོམས་གང་ཡང་མེད་པར་འགྲོ་བསྐྱོད་ཀྱི་རང་དབང་ཐད་ཨ་རིའི་གཞུང་ལ་སེམས་ཚབས་ཡོད་པ་གསལ་སྟོན་བྱས་པ་ཡིན་ཞེས་དང་། ཕྱོགས་མཚུངས་ཁོང་གིས་བོད་ནང་གི་རྒྱ་ནག་དཔོན་རིགས་ཚོ་དང་ཐུག་འཕྲད་ སྐབས། ཨ་རིའི་གྲོས་ཚོགས་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀས་ཁ་གཅིག་གྲགས་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་པ་མ་ཟད། ཨ་རིའི་མི་མང་ཚོས་ཀྱང་༸གོང་ས་མཆོག་ལ་དད་གུས་དང་དགའ་མོས་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་སྐོར་གསལ་བཤད་གནང་འདུག
ཐེངས་འདིར་ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམ་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་ཐོ་གཞུང་ནང་མིང་འཁོད་ཟིན་པའི་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དང་ཕོ་བྲང་པོ་ཏཱ་ལ་སོགས་ནང་གཟིགས་སྐོར་གནང་ཡོད་པ་མ་ཟད། སེར་འབྲས་དགའ་གསུམ་སོགས་ནང་ཕེབས་ནས་དགེ་འདུན་པ་རྣམས་དང་མཇལ་འཕྲད་གནང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
