ཁ་ཆེ་དང་ཧིན་དུ་རྩོད་རྙོག་ཆེ་བའི་ས་ཆ་ཞིག་ཏུ་ཧིན་དུའི་ལྷང་ཁང་ཞིག་དབུ་འབྱེད་བྱས་འདུག

 

ལྷ་ཁང་དབུ་འབྱེད་སྐབས་སྦི་སྦི་སི་གསར་ཁང་གི་པར།

རྒྱ་གར་གི་སྲིད་བློན་མོ་དྷི་ཡིས་ཁ་ཆེ་དང་ཧིན་དུའི་གཉིས་བར་གྱི་རྩོད་རྙོག་ཧ་ཅང་ཆེ་བའི་ས་ཁུལ་ཞིག་དུ་ཧིན་དུའི་ལྷ་ཁང་ཞིག་དབུ་འབྱེད་བྱས་ཡོད་འདུག་པར་བརྟེན། ཕྱོགས་འགལ་སྲིད་དོན་ཚོགས་པས་གནད་དོན་དེ་ལ་ངོ་རྒོལ་དང་། སྲིད་བློན་མོ་དྷི་ཡིས་ཆོས་ལུགས་ཀྱི་གནས་དོན་ཆབ་སྲིད་ནང་འཁྱེར་གྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

དེ་རིང་ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་དང་རྒྱལ་སྤྱིའི་གསར་ཁང་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གར་གྱི་མངའ་སྡེ་(Uttar pradesh)ཨུ་ཏར་པ་རྡེ་ཤིའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཡིས་ཧིན་དུའི་ལྷ་ཁང་ཞིག་དབུ་འབྱེད་བྱས་ཡོད་འདུག་པ་དང་། ལྷ་ཁང་དབུ་འབྱེད་བྱེད་ཡུལ་དེ་ཁ་ཆེ་དང་ཧིན་དུ་གཉིས་བར་ཧ་ཅང་གིས་རྩོད་རྙོག་ཆེ་བའི་ས་ཆ་ཞིག་ཡིན་འདུག

ཕྱི་ལོ་༡༩༩༢ ཙམ་ལ་ཁ་ཆེ་དང་ཧིན་དུའི་བར་(Ayodhya)ཨ་ཡུ་རྡེ་ཡ་རྩོད་རྙོག་ཟེར་བ་ཞིག་བྱུང་ནས། ཁ་ཆེ་དང་ཧིན་དུའི་མི་གྲངས་ཁྱོན༢༠༠༠ ཙམ་བསད་རྨས་ཚབས་ཆེན་བྱུང་། རྒྱུ་མཚན་ནི་རྒྱ་གར་གྱི་མངའ་སྡེ་(Uttar pradesh)ཨུ་ཏར་པ་རྡེ་ཤིའི་(Ayodhya)ཨ་ཡུ་རྡེ་ཡ་གྲོང་ཁྱེར་ནང་ཁ་ཆེའི་ལྷ་ཁང་ཞིག་དུས་རབས་༡༦  ནང་ཧིན་དུའི་ལྷ་རམ་མམ་དགའ་བྱེད་རཱ་མ་ཎ་ཟེར་བ་དེའི་འཁྲུངས་ཡུལ་དུ་ཡིན་ཚུལ་བརྗོད་ནས། ཧིན་དུ་རྣམས་ཀྱིས་ཁ་ཆེའི་ལྷ་ཁང་དེ་ཕྱི་ལོ་༡༩༩༢ ནང་གཏོར་ཡོད་པ་དང་། སྐབས་དེ་དུས་ཁ་ཆེ་དང་ཧིན་དུའི་བར་རྩོད་རྙོག་ཆེན་པོ་བྱུང་ཡོད་འདུག ཕྱི་ལོ་༡༩༤༠ ཙམ་ནས་ཧིན་དུ་རྣམས་ཀྱིས་ལྷ་དགའ་བྱེད་ཀྱི་འཁྲུངས་ཡུལ་དུ་ཁ་ཆེའི་ལྷ་ཁང་བཞེངས་པ་དེ་ཁྲིམས་ལ་ཡང་ཡང་གཏུགས་ཡོད་འདུག་པ་དང་། མཐར་ཕྱི་ལོ་༡༩༩༢ ལོར་ཁ་ཆེའི་(babir Masjid) བྷ་བྷིར་མ་སི་ཇེ་ཏེ་ཟེར་བའི་ཁ་ཆེའི་(Mughal )མོ་གཱལ་རྒྱལ་རྒྱུད་ཀྱི་དམག་སྤྱི་(Mri  Baqi)་མེ་རིས་བྷ་ཁིས་ཟེར་བ་དེ་ཡིས་བཞེངས་པའི་ལྷ་ཁང་དེ་ཧིན་དུ་ཡིས་བཙན་གྱིས་གཏོར་ཡོད་འདུག དེ་ནས་ལོ་ངོ་༧༠ ཙམ་གྱི་རིང་ཧིན་དུ་དང་ཁ་ཆེ་གཉིས་ཀྱི་བར་རྩོད་རྙོག་བྱུང་རྗེས་། མཐར་ཕྱི་ལོ་༢༠༡༩ ནང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཐག་ཆོད་བྱས་དོན་ལ། ཁ་ཆེའི་ལྷ་ཁང་གཏོར་ཟིན་པའི་ས་ཆ་རུ་ཧིན་དུའི་དགའ་བྱེད་ཀྱི་ལྷ་ཁང་བཞེངས་འཇུག་རྒྱུ་དང་། ཁ་ཆེ་རྣམས་ལ་དེའི་ཚབ་དུ་ས་ཁུལ་དེ་ལས་སྤྱི་ལེ་༡༥ ཙམ་གྱི་སར་ཁ་ཆེའི་ལྷ་ཁང་བཞེངས་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག་ཅིང་། ཁ་ཆེའི་ལྷ་ཁང་དེ་གང་མགྱོགས་བཞེངས་རྒྱུ་ཡིན་འདུག ད་ལྟ་ཧིན་དུའི་ལྷ་ཁང་བཞེངས་སའི་ས་ཆ་དེ་ཧིན་དུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ཀྱིས་ཧིན་དུའི་ལྷ་དགའ་བྱེད་རཱ་མ་ཎའིར་འཁྲུངས་ཡུལ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག ཕྱིས་སུ་ཁ་ཆེའི་(Mughal )་མོ་གཱལ་གྱིས་རྒྱ་གར་ལ་བཙན་འཛུལ་བྱེད་དུས་ཧིན་དུའི་ལྷ་དགའ་བྱེད་ཟེར་བའི་འཁྲུངས་ཡུལ་ས་ཆ་དེ་ག་རང་གི་ཐོག་ལ་ཁ་ཆེའི་ལྷ་ཁང་དེ་བཞེངས་ཡོད་པར་བཤད་ཀྱི་ཡོད་འདུག་པར་བརྟེན། ཕྱི་ལོ་༡༩༩༠ ཙམ་ནས་ད་ལྟའི་རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པ་(BJP)ཡིས་གནད་དོན་གླེང་སློང་ཤུགས་ཆེན་བྱས་ནས་སྲིད་དོན་ཁྲོད་དབང་ཆ་རག་ཐབས་ཆེན་པོ་བྱས་ཡོད་འདུག 

དེ་རིང་དབུ་འབྱེད་མཛད་སྒོའི་སྐབས་སུ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཕེབས་གནང་ཡོད་འདུག་ལ། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་དང་། རྩེད་མོ་རྩེ་མཁན་གྲགས་ཅན། གཞུང་གི་འགོ་ཁྲིད་མང་པོ་བཅས་མཉམ་ཞུགས་གནང་ཡོད་འདུག་ཀྱང་། ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་དེ་རིང་གི་ལྷ་ཁང་དབུ་འབྱེད་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཆོས་ལུགས་ཀྱི་གནད་དོན་ཆབ་སྲིད་ནང་ཁྱེར་ནས་མ་འོངས་ཟླ་བ་འགའ་ཤས་རྗེས་སུ་རྒྱ་གར་དབུས་གཞུང་གི་འོས་བསྡུ་ཡིན་པས། འོས་བསྡུ་དེའི་ཆེད་དུ་ཆོས་ལུགས་ཀྱི་བྱེད་སྒོ་དག་བེད་སྤྱོད་ལོག་པར་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ལ། ད་ལྟའི་ཧིན་དུའི་ལྷ་ཁང་དེ་ཆ་ཚང་བཞེངས་གྲུབ་མེད་པ་དང་། འདི་ལོའི་ལོ་མཇུག་ཏུ་བཞེངས་ཚར་རྒྱུ་ཡིན་འདུག ཧིན་དུའི་ལྷ་ཁང་དེ་གསར་བཞེངས་ཆེད་དུ་ཨ་སྒོར་ས་ཡ་༢༡༧ ཙམ་འགྲོ་གྲོན་བཏང་ཡོད་འདུག་པ་དང་།  དངུལ་དེ་དག་ནི་མི་མང་གིས་ཞལ་འདེབས་གནང་བ་ཤ་སྟག་ཡིན་འདུག མ་འོངས་པར་ལྷ་ཁང་དེ་བཞེངས་གྲུབ་རྗེས་ཉིན་གཅིག་ནང་གནས་མཇལ་བ་ཁྱོན་༡༥༠༠༠༠ ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ཧིན་དུའི་ལྷ་ཁང་དེའི་ཉེ་འཁོར་དུ་ཡར་རྒྱས་གཏོང་ཆེད་དབུས་གཞུང་ནས་ཨ་སྒོར་ཐེར་འབུམ་༣་༨༥ ཙམ་རོགས་དངུལ་གནང་ཡོད་འདུག གནམ་ཐང་དང་མེ་འཁོར་སོགས་ཀྱི་མཐུན་རྐྱེན་མང་པོ་གསར་བསྐྲུན་བྱས་ཡོད་འདུག 

ས་གནས་མི་མང་རྣམས་ཀྱིས་སྦི་སྦི་སིའི་གསར་ཁང་ལ་བརྗོད་དོན། གཞུང་གིས་ལྷ་ཁང་དེའི་ཉེ་འཁོར་དུ་མགྲོན་ཁང་དང་། ཚོང་ཁང་སོགས་གསར་རྒྱག་ཆེད་དུ་མི་མང་གི་ས་ཞིང་ཕོན་ཆེན་ཤོར་ཡོད་པར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།