ཁྲིམས་ཞིབ་པ་གསུམ་གྱིས་ལས་ཁུར་བསྐྱར་ལེན་དང་དེ་འབྲེལ་སྤྱི་འཐུས་དང་ཚོགས་ཟུར་གྱི་གསལ་བསྒྲགས།
སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་བཞག་རྗེས། ཁྲིམས་ཞིབ་པ་རྣམས་ལས་གནས་ནས་བཤོལ་བ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ནའང་། ཟླ་འདིའི་ཚེས་༢༤ ཉིན་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་སོང་།
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོ་དེབ་ཐད་གཏོང་བརྒྱུད་གྲོས་ཚོགས་ནས་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “༡༦ པའི་སྤྱི་འཐུས་ལས་ཐོག་གྲངས་ ༡༩ ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གྲངས་ ༢ ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་འདུག་པ་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་བཤིག་ཟིན་ནས། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན། གཞིས་ལུས་སྤུན་ཟླར་བློ་ཕམ་ཡི་ཆད་མི་འབྱུང་བ་དང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་། མང་གཙོའི་ལམ་ལུགས་སྲུང་སྐྱོབ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ། མང་གཙོའི་ཀ་བ་གསུམ་སྔར་བཞིན་སྲ་བརྟན། བཙན་བྱོལ་སྤྱི་ཚོགས་ནང་ཞི་ལྷིང་ཡོང་བ། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད་དུ་ང་ཚོས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་”ཞེས་གསལ་བསྒྲགས་དོན་ཚན་༥ ཅན་སྤེལ་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཞུ་འཆར་བང་རིམ་སྒྲིག་བཞིན་པའི་གནས་སྐབས་སུ་གློ་བུར་དུ་དེ་སྔོན་ལས་འགན་བཤོལ་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་ཚོས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༤ ཉིན་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་གནད་དོན་སྣ་ཚོགས་ལ་ཁག་དཀྲིས་ཏེ་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་གནས་བཤད་པ་དེ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ལ་དོ་ཕོག་བཏང་སྟེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལ་བཏང་བ་དང་། སྤྱི་ཡོངས་མང་གཙོའི་ལམ་ལུགས་སམ་ཁྲིམས་ཀྱི་དབང་བསྦྱར་ལ་ཉམས་དམས་ཚབས་ཆེན་བཏང་བ་ཞིག་ཆགས་ཡོད་པས་བྱ་སྤྱོད་དེར་ངོས་ལེན་བྱ་ཤེས་ཐབས་མེད་པ་ཞིག་ཡིན་ནའང་། ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་”ཅེས་སྤེལ་འདུག
གྲོས་ཆོད་ཡིག་ཆ་ཨང་༣༩ པ་གཏན་འབེབས་སྐབས་ཀྱི་གྲོས་ཚོགས་ཚོགས་གཙོ་ད་ལྟ་ལས་གནས་ནས་དགོངས་པ་ཞུས་ཟིན་པའི་ཚོགས་ཟུར་པདྨ་འབྱུང་གནས་ཀྱིས་ཕྱི་ཟླ་༥ ཚེས་༢༣ ཉིན་གྱི་དགོང་མོ་དྲ་ལམ་ཐད་གཏོང་བརྒྱུད་གཏམ་བཤད་སྤེལ་བའི་ནང་། “ང་རང་ལ་ཆ་མཚོན་པ་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནང་ལ་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་མཁན་ཉུང་ཤས་ནང་ནས་གཅིག་ཡིན་བསམ་གྱི་ཡོད། བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་། བཅའ་ཁྲིམས་ཐོག་ལ་གཟབ་སྦྱོང་མང་ཤོས་འབུལ་མཁན་ཞིག་ཆགས་བསྡད་ཡོད། ངས་གཟབ་སྦྱོང་ག་དུས་ཕུལ་བ་ཡིན་ན་ཡང་། གཙོ་བོ་དེ་དེ་སྔ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་ཀྱི་འགྲེལ་བཤད་བསྐྱོན་པ་དེ་དག་གཞི་རྩར་བཞག་པའི་ཐོག་ནས་ངས་འགྲེལ་བཤད་རྒྱག་བསྡད་ཀྱི་ཡོད། རྩ་བའི་ངའི་གསལ་བཤད་དེ་ཡིག་ལམ་བརྒྱུད་ནས་རྒྱས་པ་དེ་འབུལ་རྒྱུ་ཡིན། དེ་རིང་མདོར་བསྟན་གྱི་ཚུལ་དུ་བརྙན་ཐུང་འདི་བརྒྱུད་དེ་ཞུ་རྒྱུ་ཡིན། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་ལ། ཆབ་སྲིད་འཁྲབ་མཁན་དང་། བརྒྱུད་ལམ་པ་ལ་སོགས་པ་དེ་དག་གིས་ཆབ་སྲིད་རྫོབ་པོ་ཞེ་དྲག་འཁྲབ་གནང་སོང་། དེའི་སྐབས་ལ་གསལ་བཤད་བྱེད་པའི་འདུན་པ་མ་བྱུང་། ང་རང་དེ་འདྲའི་ཆབ་སྲིད་རྫོབ་པོ་འཁྲབ་མཁན་གྱི་ནང་ལ་མེད་པ་ཡིན་པས། འོས་བསྡུའི་ལས་རིམ་ཆ་ཚང་མ་གྲུབ་བར་དུ་གསལ་བཤད་བྱེད་མི་དགོས་པ་ཐག་གཅོད་བྱས་པ་ཡིན། ད་འོས་བསྡུའི་ལས་རིམ་ཚར་བ་རེད། ངས་གསལ་བཤད་གང་བྱས་པ་ཡིན་ཡང་། འོས་བསྡུའི་ལས་རིམ་ལ་སྐྱོན་གནད་གང་ཡང་མེད་པ་ཞིག་ཆགས་ཀྱི་ཡོད་རེད་”ཅེས་དང་། “དང་པོ་དེ་ལ་གསལ་པོ་ཞིག་ཞུ་དགོས་པ་དེ་ལ། ངས་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ཚོགས་གཙོ་དང་། སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུས་པ་དེ་ངའི་ནོར་འཁྲུལ་ངོས་ལེན་བྱས་པ་ལ་བརྟེན་ནས་དགོངས་པ་ཞུས་པ་རེད་ཟེར་བ་དངོས་བདེན་གང་ཡང་མ་རེད། ངས་གྲོས་ཚོགས་ནང་ལ་ནོར་འཁྲུལ་ངོས་ལེན་བྱས་པ་ཞིག་མེད་ལ། ད་ལྟ་བར་དུ་ངས་ནོར་འཁྲུལ་ཐེབས་སོང་། དེ་འདྲ་ཡིན་པས་ང་དགོངས་པ་ཞུས་པ་ཡིན་ཟེར་ནས་ལབ་བཞག་པ་གང་ཡང་མེད། ད་ལྟ་ཡང་ངས་ནོར་འཁྲུལ་ཐེབས་པ་ཞིག་ངས་ངོས་འཛིན་ཞུ་ཡི་མེད་ཟེར་ནས་གསལ་པོ་ཞུ་རྒྱུ་ཡིན། ནོར་ཝེ་རླུང་འཕྲིན་ཁང་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལས་བཅར་འདྲི་དང་ལེན་གནང་བཞག་པ་དེ་ཉན་པའི་རྗེས་ལ། ཏོག་ཙམ་ཁྱད་མཚར་བོ་འདྲ་ཞིག་བྱུང་སོང་། ནམ་རྒྱུན་ནས་རང་ཉིད་སོ་སོ་ལྟ་བུར་ཆ་མཚོན་པ་ཡིན་ན། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་རེ་བ་དང་ཡིད་ཆེས། ཆེ་མཐོང་ཆེན་པོ་ཞུ་སྡོད་མཁན་གྱི་གང་ཟག་ཅིག་ཡིན། དེ་འདྲ་ཡིན་པས། དེ་རིང་འདིར་དེ་སྔ་རིན་པོ་ཆེས་འགྲེལ་བཤད་སྐྱོན་སྟངས་དེ་མ་ཡིན་པར་གཞན་དག་ཅིག་བསྐྱོན་ཡོང་དུས་འགན་བློས་མ་བཟོད་པ་འདྲ་བོ་ཞིག་བྱུང་། དབྱིན་ཇིའི་ནང་ཞུས་པ་ཡིན་ན། I was shocked. རེད། དེ་འདྲ་ཞིག་ཆགས་སོང་། དེའི་སྔོན་ལ་སྤྱི་ཚོགས་ནང་ལ་འདྲ་མ་འདྲ་མང་པོ་ཞིག་བཤད་པ་རེད། ལྷག་པར་དུ་སྤྱི་ཚོགས་ནང་ལ་དེ་རིང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་གཞན་གཉིས་འཕོ་འགྱུར་བཏང་བ་དེ་ང་མི་གཅིག་གིས་བྱས་པ་ལྟ་བུ་ཞིག་བྱས་ནས་རྦད་དེ་ཞེ་བུ་ཞིག་བཟོས་སོང་། དེ་འདྲར་ལན་བརྒྱབ་ན་མ་བརྒྱབ་ན་ཁྱད་པ་མི་འདུག ཡིན་ན་ཡང་། སྤྱི་ཚོགས་མ་བདེ་བ་ཞིག་ཆགས་པ་རེད་” ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བར་བཅའ་ཁྲིམས་ནང་ཚོགས་ཆུང་ཟུར་འཛུགས་མི་དགོས་པ་དང་། སྤྱི་འཐུས་རྒྱུན་ལས་སྤྱི་འཐུས་ལྷན་ཚོགས་མིན་ན་ཡང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཡིན་སྐོར་གསལ་བཤད་གནང་སོང་།
དེ་བཞིན་ཚོགས་གཙོ་ཟུར་པས་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་ཉེས་པ་བཏང་བ་འགྲིག་མིན་སྐོར་འཁོད་དོན། “དེ་ནས་ཁྲིམས་ཞིབ་ཁང་གིས་Suo moto གསུང་པ་དེ་རེད། Suo moto དེ་ང་རང་གིས་ངོས་འཛིན་བྱེད་སྟངས་བྱས་པ་ཡིན་ན། བཅའ་ཁྲིམས་དང་ཡོངས་སུ་འགལ་བ་རེད་ཞུ་རྒྱུ་ཡིན། མང་གཙོའི་རྒྱལ་ཁབ་ནང་ལ། ཁྲིམས་ཀྱི་ངོ་བཞེས་ཟེར་—ཏག་ཏག་བསྒྱུར་ཐུབ་ཀྱི་ཡོད་ན་མེད་ན་ཧ་མི་གོ་བ་དེ་མང་གཙོའི་རྒྱལ་ཁབ་ནང་ལ་ Suo moto ཡོད་པའི་རྩ་ཁྲིམས་དེ་འདྲ་འདུག མེད་པའི་རྩ་ཁྲིམས་དེ་འདྲ་འདུག དེ་འདྲ་ཡིན་པས། ང་ཚོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་རྣམ་པ་ཟེར་ན་རེད། ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་སྲུང་སྐྱོབ་བྱེད་པའི་འགན་ཡོད་རེད་མ་གཏོགས་པའི་རྒྱལ་ཁབ་དེ་དང་དེ། རྒྱལ་སྤྱིའི་གནས་སྟངས་དེ་དང་དེ་སྲུང་སྐྱོབ་བྱེད་པའི་འགན་དེ་ཡོད་མ་རེད། དེ་ཁོ་རང་ཁོ་རང་ལ་བསྐོ་བཞག་བྱས་བཞག་ཡོད་རེད། རྒྱལ་ཁབ་དེ་དང་དེས་ཁོ་རང་ཁོ་རང་སྲུང་སྐྱོབ་བྱེད་མཁན་ཞིག་བསྐོ་བཞག་བྱས་ཡོད་རེད། ཁྲིམས་ཀྱི་ངོ་བཞེས་གསུང་གི་ཡོད་ན་རེད། Suo moto དེ་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་སྟེ་དེ་རིང་གི་གནས་བབ་འདི་བར་ཏེ། ཕྱི་ལོ་༢༠༡༩ ཀྱི་ཕྱི་ཟླ་ ༡༠ བར་དུ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་བྱུང་ཡོད་མ་རེད། གླེང་སློང་ཁོ་རང་བྱུང་ཡོད་མ་རེད། དེ་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་ག་འདྲ་བྱས་ནས་ལབ་བམ། དེ་ཡིན་པས། ང་རང་ངོས་ནས་ལྟ་སྟངས་བྱས་པ་ཡིན་ན། དེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བ་རེད། གལ་སྲིད་བཅའ་ཁྲིམས་དང་མཐུན་པ་ཞིག་བཟོ་དགོས་ཀྱི་ཡོད་ན། དང་པོ་དེ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ལྷན་ཚོགས་ལ་སྙན་གསན་ཞུ་དགོས་ཀྱི་ཡོད་རེད། རྒྱལ་ཁབ་གཞན་དག་དེ་དང་དེ་ལ་ Suo moto ཟེར་བའི་ཆ་རྐྱེན་ཞིག་འདུག ང་ཚོའི་འདི་ལ་བཞག་དགོས་ཀྱི་འདུག དེ་འདྲ་ཡིན་པས་བཅའ་ཁྲིམས་ནང་ལ་དེ་འདྲའི་ཆ་རྐྱེན་ཞིག་སྐྲུན་རོགས་བྱས་ཟེར་ནས། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་བཞེས་བྱུང་བ་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་གནང་བའི་ཐོག་ནས་ Suo moto ཟེར་བ་དེ་བཞག་དགོས་ཀྱི་ཡོད་རེད།”ཅེས་ཐག་གཅོད་དེ་འགྲིག་མེད་སྐོར་གསལ་བཤད་གནང་སོང་། (གསལ་བཤད་ཀྱི་བརྙན་ཆ་ཚང་།)
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནས་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་པའི་གསལ་བསྒྲགས།
༡། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༦ ཉིན། ངེད་ཅག་ཐུན་མོང་ནས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ལ་གསལ་བཤད་བྱས་པའི་ནང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལ་གནོད་འགལ་བྱས་པར། ཁྲིམས་ཞིབ་ཁང་ནས་ཁྲིམས་མཐུན་བཟོ་དགོས་པའི་ལམ་སྟོན་བཀའ་ཁྱབ་རིམ་བསྟུད་བཏང་བར་བརྩི་མེད་གཏོང་རྐྱང་དང་། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་རྐྱང་། ཁྲིམས་འགལ་གྱི་སྐྱོན་མཚང་འགེབས་ཆེད་དུ་བཅའ་ཁྲིམས་ལ་འགྲེལ་ལོག་བྱེད་རྐྱང་བྱས་པའི་བྱ་སྤྱོད་རྣམས་དུས་ནམ་ཡང་དག་འབུད་བྱེད་ཐབས་མེད་ཅེས་གསལ་སྟོན་ཟིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེ་ནི་ཁྲིམས་ལུགས་ཀྱི་གཞི་རྟེན་མེད་པ་དང་། བྱ་རིམ་མེད་པར་ཁྲིམས་ལུགས་ལ་གོ་ལོག་དང་འགྲེལ་ལོག་བརྒྱུད་འོལ་ཚོད་ཀྱི་སྒོ་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། དེ་ཡང་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་དུ་སྤྱད་པ་དང་། སྤྱི་འཐུས་རྣམས་ལོག་ཁྲིད་བྱས་པའི་འབྲས་བུ་ཞིག་ཡིན་ཞེས་གསལ་བསྒྲགས་ཞུས་པའི་དོན་གནད་རྣམས་ཁྲིམས་ལུགས་དབང་འཛིན་གྱི་མཛད་ཁུར་བཞེས་མྱོང་བའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་མཛད་པའི་ཡིག་ཆ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ནོར་ཝེ་རླུང་འཕྲིན་ཁང་ལ་བཀའ་ལན་གནང་བའི་བརྙན་འཕྲིན། ཁྲིམས་ལུགས་རིག་པ་བ་མང་དག་གི་དཔྱད་རྩོམ་སོགས་སུ་ངོས་འཛིན་རྩེ་མཐུན་ཡིན་པ་སྤྱི་ཚོགས་ནང་གསལ་པོ་ཆགས་ཡོད།
༢། ངེད་ཅག་གི་གསལ་བཤད་ནང་། ལས་འགན་བཤོལ་བ་(recuse)ཡིན་ཞེས་པ་ནི། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧༩ པར། གྱོད་ཡས་བདེ་སྙན་ཕུལ་བའམ། ཁྲིམས་ཞིབ་པ་རང་ཉིད་ཁ་མཆུ་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཚེ། ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས། ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ནང་གསལ་འཕོ་འགྱུར་ངོས་ལེན་བྱས་པ་ཞིག་མིན་ལ། ལས་གནས་རྩ་དགོངས་ཞུས་པ་ཞིག་ཀྱང་མིན་ཞིང་། བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ ༣ པ་དང་། དོན་ཚན་ ༧༣ ནང་གསེས་ ༣ པ་ནང་གསལ་ལྟར་ལས་ཁུར་རྒྱུན་འཛིན་མ་ཆོག་པར་བཤོལ་དགོས་པའི་གོ་དོན་ཡང་མིན། སྐབས་དེར་ངེད་ཅག་ནས་བཅའ་ཁྲིམས་དོན་ཚན་ ༥ པས་མཚོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་དེ། གྲོས་ཆོད་དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ། ལྷན་སྐྱེས་དྲང་བདེན་(natural justice)ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པའི་ཆ་ནས་ང་ཚོས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ཡིན།
༣། ང་ཚོས་སྐབས་དེར། དོན་རྐྱེན་འདི་ལ་བརྟེན་ནས་མང་ཚོགས་ནང་བློ་འཚབ་དང་། ཡིད་ཕྱུང་བའི་སེམས་ཚོར་ཅི་རིགས་བྱུང་དང་འབྱུང་བཞིན་པའི་གནས་སྟངས་ལ་བསམ་ཚོད་བྱེད་ཐུབ་ཀྱི་འདུག་ནའང་། རྒྱ་ཆེའི་མང་ཚོགས་ཀྱིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་། ཁྲིམས་ཀྱིས་དབང་བསྒྱུར་ལ་འདུན་མོས་མ་ལྷོད་པར། སྤྱི་ཚོགས་ནང་ཟིང་ལོང་མི་ཡོང་བའི་འགན་ཁུར་བཞེས་ཐུབ་པ་ཡིན་ན། འཕྲལ་རྐྱེན་གེགས་བར་འདི་རིགས་ལས་སྒྲོལ་བའི་ཐབས་ལམ་གང་མགྱོགས་རྙེད་ངེས་ཞེས་ཞུས་ཟིན་ལྟར་ད་བར་ངང་སྒུག་ཞུས་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་སྐོང་རྒྱུའི་ཚོགས་བརྡ་བཏང་ཟིན་པ་དེའང་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༢ ཉིན་ཉུང་མཐའི་གྲངས་ཚད་མ་ལོངས་པར་བསྐོང་ཚོགས་གནང་ཐབས་བྲལ་ལུགས་གསལ་བསྒྲགས་བྱས་འདུག་པར་བརྟེན། སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་ཀྱི་ཆ་རྐྱེན་མི་ལྡན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཉིད་ཕྱིར་འཐེན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ་ཞུ་རྒྱུའི་གོ་སྐབས་ཤོར་ཟིན་པ་དང་། གནས་སྟངས་འདི་མུར་སོང་ཚེ། སྐབས་གསར་པའི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་འགོ་འཛུགས་མ་ཐུབ་པར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ག་མེད་པ་ཆགས་ཉེའི་མཚམས་སུ་སླེབས་ཡོད།
༤། ངེད་ཅག་ཁྲིམས་ཞིབ་པ་གསུམ་ནས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ནས་བཟུང་། སྐབས་ ༡༦ པའི་སྤྱི་འཐུས་ལས་ཐོག་གིས་མཚོན། བོད་མིའི་སྒྲིག་འཛུགས་ནང་ལོ་མང་མཛད་ཁུར་ཅི་རིགས་བཞེས་མྱོང་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ། བཀའ་ཁྲི་ཟུར་པ་དང་བཀའ་ཟུར། སྤྱི་ཟུར། གཞུང་ཞབས་ཟུར་པས་མཚོན་སྤྱི་ཚོགས་ཁྱོན་ཡོངས་ནས་ཚོགས་སྒེར་མང་དག་ཅིག་གིས་སྤྱི་འཐུས་རྒྱུན་ལས་ལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཕྱིར་འཐེན་དགོས་པའི་འབོད་སྐུལ་སྙན་ཞུའི་ངོ་བཤུས་འབོར་ཆེན་ཞིག་འབྱོར་འདུག་པ་མ་ཟད། ཉེ་ལམ་ནས་ངེད་ཅག་གིས་ལས་ཁུར་རྒྱུན་སྐྱོང་དགོས་སྐོར་གནད་ཡོད་མི་སྣ་དང་། ཚོགས་སྡེ་ཁག མང་ཚོགས་སྟོང་ཕྲག་དུ་མས་མཚན་རྟགས་སྡེབ་འགོད་དམ། ཚོགས་སྒེར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་སྙན་ཞུ་རིམ་བསྟུད་དུ་བཏང་འབྱོར་བྱུང་དང་འབྱུང་མུས་ཡིན་པའི་སྐོར་དང་། གྲོས་ཆོད་དེ་འཇོག་སྐབས་ཀྱི་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་གཅིག་བཅས་རྩ་དགོངས་ཞུས་ཟིན་པའི་སྐོར་སྤྱི་ཁྱབ་ཁྲིམས་དྲུང་གིས་སྙན་གསན་རིམ་པར་བྱུང་བ་དང་།
༥། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༣ ཉིན་སྐབས་ ༡༦ པའི་སྤྱི་འཐུས་ལས་ཐོག་གྲངས་ ༡༩ ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གྲངས་ ༢ ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་འདུག་པ་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་བཤིག་ཟིན་ནས། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན། གཞིས་ལུས་སྤུན་ཟླར་བློ་ཕམ་ཡི་ཆད་མི་འབྱུང་བ་དང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་། མང་གཙོའི་ལམ་ལུགས་སྲུང་སྐྱོབ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ། མང་གཙོའི་ཀ་བ་གསུམ་སྔར་བཞིན་སྲ་བརྟན། བཙན་བྱོལ་སྤྱི་ཚོགས་ནང་ཞི་ལྷིང་ཡོང་བ། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད་དུ་ང་ཚོས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་ཏེ། ཕྱི་ཚེས་ ༢༣ ཉིན་སྤྱི་ཁྱབ་ཁྲིམས་དྲུང་ལ་བཀའ་སྤྱི་གཉིས་ཀར་དེ་དོན་གནས་ཚུལ་ཡིག་ཐོག་སྙན་གསན་ཞུ་དགོས་པའི་བཀོད་མངགས་བྱས་ཡོད་པ་དང་། དེ་རིང་ཡོངས་ཁྱབ་གསལ་བསྒྲགས་འདི་སྤེལ་བ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཐུན་མོང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༤ ལ། ། ཁྲིམས་ཞིབ་པ་ཆེ་བ། དྭགས་པོ་བསོད་ནམས་ནོར་བུ། ཁྲིམས་ཞིབ་པ། ཀརྨ་དགྲ་འདུལ། ཁྲིམས་ཞིབ་པ། བསྟན་འཛིན་ལུང་རྟོགས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།
༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་དགོངས་དོན་སྤྱི་ འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བཞག་གནང་བ་ལྟར། དེ་འབྲེལ་ཁྲིམས་ཞིབ་པ་ཚོས་ལས་འགན་བཤོལ་ཟིན་པ་དང་། གྲོས་ཚོགས་གྲོལ་ཟིན་རྗེས་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཆོད་རྗེས་འབྲེལ་ལས་དོན་རྣམས་མཇུག་སྐྱོང་ལག་བསྟར་བྱ་རྒྱུའི་འགན་ཁུར་རྒྱུན་འཁྱོངས་བྱེད་བཞིན་པའི་སྐབས་སུ་གཙོ་འགན་བཞེས་མཁན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གློ་བུར་དུ་དགོངས་ཞུས་གནང་བ་ལ་བརྟེན་ནས་ལས་དོན་མུ་མཐུད་རྒྱུར་འགོག་རྐྱེན་གང་འཚམས་འཕྲད་ཡོད་ནའང་། ཚོགས་གཞོན་གྱིས་གཙོ་འགན་བླངས་ཐོག་རྒྱུན་ལས་ནས་འགན་ཁུར་རྒྱུན་མཐུད་བྱས་ཏེ་ཐབས་ཤེས་ཡོད་རྒུ་བཏོན་ནས་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུ་དང་། གྲོས་ཚོགས་འཕར་མ་འཚོགས་འཆར་བཅས་ཀྱི་དུས་ཚོད་གཏན་འབེབས་ཞུས་ཀྱང་ཚོགས་འདུ་བསྐོང་ཚོགས་བྱ་ཐབས་བྲལ་སོང་བ་མཁྱེན་གསལ་བཞིན། །
དེ་རྗེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཞུ་འཆར་བང་རིམ་སྒྲིག་བཞིན་པའི་གནས་སྐབས་སུ་གློ་བུར་དུ་དེ་སྔོན་ལས་འགན་བཤོལ་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་ཚོས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༤ ཉིན་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་གནད་དོན་སྣ་ཚོགས་ལ་ཁག་དཀྲིས་ཏེ་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་གནས་བཤད་པ་དེ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ལ་དོ་ཕོག་བཏང་སྟེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལ་བཏང་བ་དང་། སྤྱི་ཡོངས་མང་གཙོའི་ལམ་ལུགས་སམ་ཁྲིམས་ཀྱི་དབང་བསྦྱར་ལ་ཉམས་དམས་ཚབས་ཆེན་བཏང་བ་ཞིག་ཆགས་ཡོད་པས་བྱ་སྤྱོད་དེར་ངོས་ལེན་བྱ་ཤེས་ཐབས་མེད་པ་ཞིག་ཡིན་ནའང་། ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༤ ལ།།
གསར་འགོད་པ་ཆོས་ཉིད་འོད་ཟེར་དང་དཀོན་མཆོག་རབ་བརྟན་གཉིས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས།
