ཁྲིམས་ཞིབ་པ་ཆེ་བའི་འོས་མི་བཅའ་ཁྲིམས་ནང་གསལ་ལྟར་ཆ་རྐྱེན་ཚང་བ་རག་མི་འདུག
ཟླ་འདིའི་ཚེས་༡༧ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་བཞིན་པའི་སྐབས། ༢༠༢༡ ལོའི་ཕྱི་ཟླ་༡༡ ཚེས་༢ ཉིན་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་༡ པོའི་དགོངས་དོན་ལྟར། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་བཙུགས་ཡོད་ནའང་། བཅའ་ཁྲིམས་དོན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི་ ག པའི་ནང་དོན་ལྟར་ཆ་རྐྱེན་ཚང་བའི་འོས་མི་མ་རག་སྐོར་ཚོགས་གཙོས་གསལ་བསྒྲགས་གནང་སོང་།
བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་༢ པའི་ ག པའི་ནང་། ཁྲིམས་ཞིབ་པའི་ཆ་རྐྱེན་ནི། “ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་”ཞེས་གསལ་ཡོད་པ་བཞིན། ད་ལྟ་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་སུམ་ཅུ་ལྷག་འགོར་ཟིན་པས། བཅའ་ཁྲིམས་ལ་བསྐྱར་དུ་བསྒྱུར་བཅོས་མ་སོང་བར་ཆ་རྐྱེན་དེ་ཚང་དགོས་ཀྱི་ཡོད་པ་རེད།
ཁྲིམས་ཞིབ་པ་རྣམས་བསྐོ་སྟངས་ནི། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་དོན་ཚན་༡ པོའི་ནང་། “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌།ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌།སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན།སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་།གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་”ཞེས་གསལ་ཡོད་པ་དང་། ཐེངས་འདིའི་འོས་མི་འདེམས་སྒྲིག་ཚོགས་ཆུང་ནང་། ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས། བཀའ་ཟུར་རིན་ཆེན་མཁའ་འགྲོ། བཀའ་ཟུར་ཐུབ་བསྟན་ལུང་རིག་བཅས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
