གངས་རིན་པོ་ཆེ་མཇལ་མཁན་རྒྱ་གར་བ་དང་བལ་པོ་བ་རྣམས་ལ་རྒྱ་གཞུང་ནས་དངུལ་ཕོན་ཆེན་ལེན་གྱིན་ཡོད་འདུག
མི་ལོ་གསུམ་གྱི་རྗེས་སུ་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་འགག་སྒོ་ཕྱེས་ཡོད་ཀྱང། གངས་རིན་པོ་ཆེའི་གནས་མཇལ་བ་རྣམས་ལ་དངུལ་ཕོན་ཆེན་ལེན་གྱི་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན་(Tibet Review)བོད་གནས་བསྐྱར་ཞིབ་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལོ་གསུམ་གྱི་རྗེས་སུ་བོད་དང་བལ་ཡུལ་ས་མཚམས་ཀྱི་འགག་སྒོ་མང་པོ་ཞིག་སྒོ་ཕྱེས་ཡོད་ཀྱང། གནས་མཇལ་བ་རྣམས་ལ་རྒྱ་གཞུང་ནས་འགྲིམ་འགྲུལ་བྱེད་རྒྱུ་ལ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག ཀ་ཏི་མ་གྲུམ་གསར་ཁང་གི་གནས་ཚུལ་ལྟར་ན། བལ་པོའི་ཡུལ་སྐོར་སྤྲོ་འཁྱམ་པའི་འགྲིམ་འགྲུལ་ལས་ཁང་ཞིག་གི་བདག་པོས་བརྗོད་དོན་ལ། ད་ཆར་རྒྱ་གཞུང་ནས་ཕྱི་རྒྱལ་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཁྱམ་རྣམས་ལ་དམིགས་ནས་འགྲིམ་འགྲུལ་དོ་དམ་རུ་གཏོང་བཞིན་ཡོད་འདུག་ལ། རྒྱ་གར་བ་གངས་རིན་པོ་ཆེར་གནས་མཇལ་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད་པས་ཁོང་ཚོ་ལ་དོ་དམ་ཆེན་པོ་བྱེད་བཞིན་ཡོད་འདུག

རྒྱ་གཞུང་ནས་གངས་རིན་པོ་ཆེར་གནས་མཇལ་ཡོང་མཁན་རྣམས་ཀྱིས་དངུལ་ཇི་ཙམ་སྤྲོད་དགོས་མིན་གཏན་འབེབས་བྱས་ཡོད་ཅིང། བལ་ཡུལ་གྱི་འགྲིམ་འགྲུལ་ལས་ཁང་གསུམ་གྱིས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འགྲིམ་འགྲུལ་དོ་དམ་གུ་ཡངས་ཡོང་ཆེད་སྙན་ཞུ་ཞིག་སྤྲད་ཡོད་འདུག དེ་སྔོན་རྒྱ་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་སུ། འགྲུལ་པ་ཞིབ་བཤེར་ཁང་བཙུགས་ཡོད་པས་དེར་འགྲུལ་པའི་ལག་ཁྱེར་རྣམས་སྤྲོད་དགོས་ཀྱང། ད་ཆར་དེ་འགྱུར་བ་བཏང་ནས་རྒྱ་གར་བ་རྣམས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་མི་གཞུང་ཚབ་ཁང་ལ་སྤྲོད་དགོས་པ་དང། དེ་ནས་བོད་ལ་འགྲོ་ཆོག་པའི་མཐོང་མཆན་ཞུ་དགོས་ཡོད་འདུག དེ་བཞིན་རྒྱ་གར་བ་མི་གྲངས་ལྔ་རེ་རུ་ཁག་བཟོ་དགོས་པ་དང། གཞུང་ཚབ་ཁང་དུ་ཉུང་མཐའ་ལ་མི་བཞི་དངོས་སུ་བཅར་དགོས་ཡོད་འདུག
བལ་པོ་བ་བོད་ནང་ཡུལ་སྐོར་སྤྲོ་འཁྱམ་དང་འབྲེལ་བའི་ལས་ཀ་སྣེ་ཤན་པ་དང་ཞལ་ལག་བཟོ་མཁན། དོ་བོ་དབོར་མཁན་སོགས་ལ་ཨ་སྒོར་༡༠༠ ནས་༣༠༠ བར་རྩ་ཐང་གནོད་སྐྱོན་ཉེས་མིང་འོག་ཆད་པ་སྤྲོད་དགོས་ཀྱི་ཡོད་འདུག དེ་དང་མཉམ་དུ་རྒྱ་གཞུང་ནས་བལ་པོའི་ལས་མི་རྣམས་བོད་ནང་ཉིན་གྲངས་༡༥ སྡོད་ཆོག་པ་དང། མཐོང་མཆན་ལ་ཉིན་རེར་ཧིན་སྒོར་༤༢༠༠ནས་༡༣༠༠ བར་སྤྲོད་དགོས་པའི་གནས་ཚུལ་ཐོན་འདུག
གཞན་ཡང་། བོད་ཀྱི་ཕྱི་རྒྱལ་དངུལ་བརྗེ་ཁང་ནས་ཁྲིམས་ཤིག་གཏན་འབེབས་བྱས་དོན་ལ། བལ་ཡུལ་གྱི་འགྲིམ་འགྲུལ་ལས་ཁང་ནས་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཁྱམ་པ་བོད་ནང་གཏོང་དུས་ཉུང་མཐའ་ལ་མི་རེ་ལ་ཨ་སྒོར་༦༠༠༠༠ ཡང་ན་ཧིན་སྒོར་ས་ཡ་༨ བོད་ནང་གི་འགྲིམ་འགྲུལ་ལས་ཁང་ལ་གཏའ་མའི་ཆེད་དུ་སྔོན་ནས་སྤྲོད་དགོས་ཀྱིན་ཡོད་འདུག
ཁྲིམས་གསར་པ་དེ་དག་གིས་རྒྱ་གར་བ་གནས་མཇལ་ཡོང་མཁན་ཉུང་དུ་གཏོང་ཐབས་ཡིན་ཚུལ་བལ་ཡུལ་གྱི་འགྲིམ་འགྲུལ་ལས་ཁང་ཞིག་གིས་བརྗོད་འདུག སྤྱིར་རྒྱ་གར་གནས་མཇལ་བ་རྣམས་ཕྱི་ཟླ་༤ འགོ་སྟོད་ནས་ཕྱི་ཟླ་༡༠ ཟླ་མཇུག་བར་གནས་མཇལ་འགྲོ་རྒྱུའི་དུས་ཚོད་ཡིན་པས། སྐབས་དེར་འགྲིམ་འགྲུལ་གྱི་རིན་གོང་ཧ་ཅང་མཐོན་པོ་ཆགས་ཀྱི་ཡོད་ཚུལ་འདུག
རྒྱ་གར་གཞུང་གིས་གངས་རིན་པོ་ཆེར་གནས་མཇལ་འགྲོ་མཁན་རྣམས་ལ་བརྒྱུད་ལམ་གཉིས་ནས་གཏོང་གི་ཡོད་ཅིང། དེ་གཉིས་ནི་ལ་པེ་ལེན་ཁི་(Lipulekh)དང་ན་ཐུམ་(Nathula)བརྒྱུད་ནས་གཏོང་གི་ཡོད་ཀྱང་། རྒྱ་གར་དབུས་གཞུང་ནས་ཆོག་མཆན་རག་དགོས་པས་འགྲོ་གྲོན་ཆེན་པོ་ཡིན་འདུག
ལ་དཱགས་བརྒྱུད་ནས་སྟབས་བདེ་པོ་འགྲོ་ཐུབ་ཀྱང་རྒྱ་ནག་གཞུང་ནས་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། བལ་ཡུལ་ནས་བརྒྱུད་ལམ་གསུམ་ཡོད་པ་དེ་དག་ལས། ཏར་ཏེ་པན(Tatopani)རཱ་སུ་ཝ་གཱ་ཊི་ས་མཚམས་(Rasuwagadhi border point) གཉིས་ཕྱིས་སུ་སྒོ་བརྒྱབ་པར་བརྟེན། ད་ཆར་ (Nepalgunj)ཟེར་བ་དེ་འགྲིམ་འགྲུལ་བྱེད་ས་གཙོ་བོ་ཡིན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།