གནས་བརྟན་རྒན་པ་༣༡༨ ཙམ་གྱི་མཛད་རྣམ།

<<མཁས་མང་བློ་གསལ་གླིང་གི་གནས་བརྟན་བཀའ་དྲིན་ཅན་གྱི་མཛད་རྗེས་གསལ་བའི་མེ་ལོང་>>ཞེས་པའི་དཔེ་དེབ་འདིའི་ནང་གི་བརྗོད་དོན་གཙོ་བོ་བློ་གསལ་གླིང་གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམས་ཀྱིས་བོད་ཀྱི་ཆོས་སྲིད་ཉག་ཕྲ་བའི་དུས་སུ། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་སྟེ་ཆོས་སྲིད་གཉིས་ཉམས་པ་སླར་གསོ་ལ་ཐུགས་འཁུར་བླངས་པའི་སྐོར་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པ་རེད།

དཔེ་དེབ་འདིའི་རྩོམ་པ་པོ་བློ་གསལ་གླིང་གི་དགེ་སྐོས་སྤོ་འབོར་དགེ་བཤེས་མཁྱེན་རབ་ཆོས་རྒྱལ་གྱིས། དེབ་འདི་ཐོག་མ་འབྲི་འདོད་ཀྱི་ཀུན་སློང་ནི་གུས་པས་གྲྭ་ཚང་གི་ལས་ཁུངས་སུ་ཕྱག་མཛོད་ཀྱི་ལས་ཁུར་ཞུ་བཞིན་པའི་སྐབས། ཆོས་རིག་ལས་ཁུངས་ནས་འཚོ་སྣོན་གནང་བཞིན་པའི་གནས་བརྟན་དགུང་གྲངས་དྲུག་བཅུ་ལས་བརྒལ་བ་རྣམས་ཀྱི་སྐུ་ཚེའི་མཛད་པ་མདོར་བསྡུས་ཤིག་ཆོས་རིགས་ལས་ཁུངས་སུ་ཕུལ་དགོས་པ་བཀའ་གནང་དོན་བཞིན། མཛད་རྣམ་ཕྱོགས་སྒྲིག་བྱེད་སྐབས་མཁས་མང་བློ་གསལ་གླིང་གི་གནས་བརྟན་བཀའ་དྲིན་ཅན་ཚོའི་སྐུ་ཚེའི་མཛད་རྣམ་རྒྱས་པ་ཞིག་འབྲི་འདོད་བྱུང་། བོད་ཀྱི་སྣོད་བཅུད་ཆགས་ནས་བཟུང་བྱུང་མྱོང་མེད་པའི་གནས་ཚུལ་ཉག་ཕྲའི་དུས་སུ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་སྟེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མེ་རོ་སླར་གསོ་གནང་མཁན་ཁོང་རྣམས་པ་ཡིན་པར་བརྟེན། ཁོང་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་དེ་ཁོང་རྣམ་དང་མཉམ་དུ་དགོངས་པ་རྫོགས་སོང་ན་མི་རིགས་ཀྱི་ལོ་རྒྱུས་ནང་གུན་གསབ་མི་ཐུབ་པའི་ཕམ་ཁ་དང་ཉམས་ཆག་ཡིན་པར་མཐོང་བས་ཡིན། ཡང་ད་ཆ་བདག་ལྟ་བུར་མཚོན་ན་རང་གི་བཤེས་གཉེན་དུ་གྱུར་པའི་གནས་བརྟན་རྣམས་བཀའ་དྲིན་ཅན་དང་རྩ་ཆེན་ཞིག་ཏུ་རྩི་ཡི་ཡོད་ཀྱང་། གནས་བརྟན་གཞན་དག་དེ་ཙམ་གྱི་བཀའ་དྲིན་ཅན་དང་རྩ་ཆེན་ཞིག་མཇལ་གྱི་མེད་པ་ནི། ཁོང་རྣམས་ཀྱི་མཛད་རྣམ་ཞིབ་ཚགས་མ་མཁྱེན་པའི་དབང་གིས་ཡིན་སྙམ། ལོ་རྒྱུས་ནང་གི་གལ་ཆེན་མི་སྣ་དག་མ་འོངས་པའི་མི་རབས་གསར་པ་ཚོར་ངོ་སྤྲོད་ཚད་ལྡན་གནང་རྒྱུའི་ལས་འགན་ད་ལྟའི་མི་རབས་འདི་ལ་གཡོལ་དུ་མེད་པའི་འགན་འཁྲི་ཡོད་པས་ཡིན།

མཛད་རྗེས་ཡིག་ཐོག་ཏུ་མ་བཀོད་ན་མ་འོངས་པའི་མི་རབས་ཀྱིས་ཤེས་ཐབས་བྲལ་བ་མ་ཟད། ད་ལྟའི་གནས་སྐབས་སུ་ཡང་མི་ཐོག་གསར་པའི་ནང་ཞིབ་ཚགས་མཁྱེན་མཁན་གཅིག་ཀྱང་མེད་ཟེར་ན། མི་ཆོག་པ་མེད་སྙམ། རྒྱུ་མཚན་ནིི་བདག་གིས་ལོ་བཞིའི་རིང་ངལ་བརྩོན་མང་པོ་བྱས་ཀྱང་འདི་ཙམ་ལས་ཤེས་མེད་པས་ཡིན། མཁན་ལས་ཟུར་དང་རྒྱལ་སྲས་བླ་སྤྲུལ་རྣམ་པའི་མཛད་རྣམ་གྲྭ་ཚང་གི་ཆོས་འབྱུང་དུ་མི་གསལ་བ་མང་པོ་ཞིག་ཀྱང་དཔེ་དེབ་འདིའི་ནང་ཁ་སྣོན་བྱས་ཡོད་ལ། མཛད་རྣམ་ཧ་ཅང་གི་རྒྱས་པོ་ཡོད་པ་རྣམ་གཟིགས་བདེ་བའི་ཆེད་དུ་གནད་བསྡུས་ཕྱོགས་སྒྲིག་བྱས་ཡོད། དེ་ཡང་མཛད་རྗེས་གསལ་བའི་མེ་ལོང་ཞེས་པའི་དཔེ་དེབ་འདི་ནི་བདག་གིས་ཕྱག་མཛོད་ལོ་གསུམ་དང་དགེ་སྐོས་ལོ་གཅིག་བཅས་ལོ་བཞིའི་ལས་ཀའི་བར་གསེང་གང་ཡིན་ལ་གཉིད་ཆག་པ་དང་། སྟོད་གཟེར་བ་སོགས་ངལ་བ་མང་པོ་དང་དུ་བླངས་ནས་བྲིས་པ་ཞིག་ཡིན།

དེ་ལྟ་བུའི་ངལ་བ་དང་བླངས་ཐུབ་པ་ནི་གནས་བརྟན་རྣམ་གྱི་བཀའ་དྲིན་དྲན་པ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་ལོ་རྒྱུས་དང་བཅས་པ་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་སུ་དེ་དག་རང་རྒྱུད་ལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་ལས་རང་རྒྱུད་ལ་བོད་ཀྱི་སྐད་ཡིག་རིག་གནས་ལོ་རྒྱུས་དང་བཅས་པ་དྲི་མ་ཙམ་ཡང་མེད་པར་ཁྱེད་ཀྱིས་བོད་སྐད་དང་བོད་ཡིག་སོགས་ཤེས་ཀྱི་མི་འདུག་ཞེས་ཁ་སྟོང་ནང་གི་ལྕེ་སྟོང་གིས་སྐྱོན་བརྗོད་བྱེད་པར་ཕན་ལས་གནོད་ཆེ་བ་མཐོང་བས་ཡིན། རང་ཉིད་ལ་ལས་ཀ་ཧ་ཅང་གི་མང་བའི་དབང་གིས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་ཐུབ་མ་སོང་བས་དེབ་འདི་ལ་ཆད་ལྷག་སོགས་ཀྱི་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་ན། ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་བཅས་དཔེ་དེབ་འདིའི་ནང་བློ་གསལ་གླིང་གྲྭ་ཚང་གི་གནས་བརྟན་རྒན་པ་༣༡༨ ཙམ་གྱི་ལོ་རྒྱུས་སམ་མཛད་རྣམ་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་ཅེས་འགྲེལ་བརྗོད་གནང་འདུག

དེབ་འདིའི་རྩོམ་པ་པོ་མཁྱེན་རབ་ཆོས་རྒྱལ་ནི་ཕྱི་ལོ་༡༩༦༩ ལོར་ཁམས་ལི་ཐང་སྡེ་ཚ་སྟོད་འབུར་ཀ་གྲོང་དུ་ཕ་དར་རྒྱས་དང་མ་སྐལ་བཟང་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༨༡ ལོར་རྒན་བསྟན་འཛིན་འཕྲིན་ལས་ཀྱི་དྲུང་དུ་བོད་ཡིག་དང་ཆོས་སྤྱོད་སོགས་བསླབས།   ཕྱི་ལོ་༡༩༨༢ ལོར་སྒོ་མང་དགེ་བཤེས་མཁྱེན་རབ་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བླངས།   ཕྱིལོ་༡༩༨༥ ལོར་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཚ་བ་ཁྲི་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་ཀྱི་དྲུང་ནས་གཞུང་ཆེན་ཁག་དང་ཐུན་མིན་རིག་གནས་ཁག་བཅས་སུ་སློབ་གཉེར་བྱས། ཕྱི་ལོ་༡༩༩༧ ལོར་༧གོང་ས་མཆོག་གི་དྲུང་དུ་དགེ་སློང་གི་སྡོམ་པ་བླངས། དེ་ནས་རིམ་པས་གྲྭ་ཚང་གི་ལས་འགན་སྣ་མང་བསྒྲུབས། ཕྱི་ལོ་༢༠༠༨ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག   ལས་ཞོར་དུ་ཁྲི་ཆེན་ཡེ་ཤེས་དོན་འགྲུབ་ཀྱིས་མཛད་རྣམ་ཐར་འདོད་དེད་དཔོན་བརྩམས། ཕྱི་ལོ་༢༠༠༩ ལོར་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་དགེ་བཤེས་སྔགས་རབས་པའི་མིང་རྟགས་བླངས། ཕྱི་ལོ་༢༠༡༠ ནས་༢༠༡༢ བར་བློ་གླིང་གྲྭ་ཚང་གི་ཕྱག་མཛོད་ཀྱི་འགན་ཁུར། ཕྱི་ལོ་༢༠༡༣ ནས་བློ་གསལ་གླིང་གྲྭ་ཚང་གི་དགེ་སྐོས་ཀྱི་འགན་འཁུར་ཞོར་དུ་དེབ་འདི་རྩོམ་བསྒྲིགས་བྱས་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།