གཞས་པ་ཨ་མཆོག་ཕུལ་བྱུང་གློད་གྲོལ།
ཟླ་འདིའི་ཚེས་༢ ཉིན་གཞས་པ་ཨ་མཆོག་ཕུལ་བྱུང་བཙོན་འཇུག་དུས་ཡུན་རྫོགས་ཏེ་སི་ཁྲོན་མེན་ཡང་བཙོན་ཁང་ནས། གློད་གྲོལ་བཏང་ཡོད་འདུག
བཙོན་གྲོལ་གཏོང་སྐབས་ཁོང་ལ་མང་ཚོགས་ཀྱིས་དགའ་བསུ་རྒྱ་ཆེན་པོ་བྱས་ཡོད་པ་བརྙན་ཐུང་ཁག་གི་ནང་གསལ་གྱི་འདུག་ལ། ཡང་ངོ་དེབ་ཐོག་གི་བརྙན་ཐུང་ཞིག་ནང་སྙན་ངག་པ་གཉན་གྱིས་ “དོ་ནུབ་མུན་ནག་གི་མཚན་མོ་ཞིག་རེད་དེ། རྟེན་འབྲེལ་ཧ་ཅང་འགྲིག་སོང་། རྒྱུ་མཚན་ནི། འདིའི་རྗེས་སུ་ནམ་ལངས་རྒྱུ་དེ་རེད། བོད་ཁ་བ་ཅན་ནི་ནམ་ལངས་རྒྱུར་སྒུག་ཡོད་པའི་མི་རིགས་ཤིག་རེད། བཀའ་དྲིན་ཆེ།”ཞེས་བརྗོད་ནས་གཞས་པ་ཨ་མཆོག་ཕུལ་བྱུང་ལ་ཁ་བཏགས་འཐེན་པ་སོགས་འདུག་ལ། མདོར་ན། ཤེས་ཡོན་པའི་སྡེ་དང་མང་ཚོགས་ཚང་མས་གཞས་པ་ཁོང་གི་ལ་རྒྱ་དང་ཆོད་སེམས། ལྷག་བསམ། རིགས་ཞེན་གྱི་གླུ་དབྱངས་བཅས་ལ་སྔོན་མ་ནས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར། ད་ཐེངས་བཙོན་གྲོལ་ཐོབ་སྐབས་ཀྱང་། དགའ་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག འོན་ཀྱང་། ད་ལྟའི་ཆར་ཁོང་གི་འཕྲོད་བསྟེན་གྱི་གནས་བབས་ག་འདྲ་ཡིན་མིན་ཤེས་རྟོགས་གསལ་པོ་ཞིག་བྱུང་ཐུབ་ཀྱི་མི་འདུག
ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་ནས་ཁོང་གིས་འགྲེམས་སྤེལ་བྱས་པའི་ཆེད་སྒྲིག་འོད་སྡེར་ལྔ་པ་(ཁུར་གྱིས་ནོན་པའི་ང་ཚོ།)ཞེས་པའི་ནང་། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ལ་བསྟོད་གླུ་དང་། ད་ལྟའི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་དངོས་ཡོད་གསལ་འདོན་བྱས་ཡོད་རྐྱེན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཀའ་རྒྱ་བཀྲམ་ནས། ཁོང་ཕ་ཡུལ་ནས་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་རུང་། ལོ་དེའི་ཕྱི་ཟླ་༨ ཚེས་༣ ཉིན་གྱི་དགོང་མོར། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བསྟི་གནས་འབར་ཁམས་ཀྱི་ཇ་ཁང་ཞིག་ནས་གློ་བུར་དུ་འཛིན་བཟུང་བྱས་མཐར། སྐབས་ཤིག་གི་རིང་ལ་ཁོང་གར་ཡོད་སོགས་ཀྱི་གནས་སྟངས་ཤེས་རྟོགས་བྱུང་ཐུབ་མེད་རུང་། མཐར་རྒྱ་གཞུང་གིས་ཁྲིམས་ཐག་བཅད་དེ་མེན་ཡང་བཙོན་ཁང་དུ་བཅུག་ཡོད་པ་ཤེས་རྟོགས་བྱུང་བ་ཞིག་ཡིན་ཚུལ་འདུག །
གསལ་འགོད་པ་བཀྲ་ཤིས་དོན་གྲུབ།
