གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་། བསམ་འཆར་ཡིག་ཆ་ཟེར་བ་གཉིས་གང་ནག་ཆེའམ།

བཙན་འཛུལ་འོག་མི་ལོ་རེ་དགུ་འཁོར་བའི་ང་ཚོ།
དུས་རབས་བདུན་པ་དང་བརྒྱད་པར་དམག་སྲིད་ཟུང་གིས་ཤར་ཨེ་ཤ་ཡའི་སུམ་གཉིས་ལ་དབང་སྒྱུར་བའི་བོད་བཙན་པོའི་རྒྱལ་ཁབ་དེའི་གྲགས་པ་བླ་ན་མཐོ་ཡང་། མངའ་བདག་ཁྲི་རལ་གྱིས་བཙུན་པ་བྲན་བདག་ཏུ་བཀུར་ཏེ། བན་བོན་འཐབ་རྩོད་བསྐྱར་སློང་དང་། ཞང་བློན་ཕྱོགས་ཁག་བར་སྲིད་དབང་རྩོད་པའི་འགལ་འཐབ་ཁྲོད། ལྷ་སྲས་དར་མ་འུ་དུམ་བཙན་པོ་རང་མིས་བཀུམ་ཞིང་། བཙན་པོའི་རྒྱལ་ཁམས་འཐོར་ཞིག་ཏུ་གྱུར།
བོད་སིལ་བུར་འཐོར་རྗེས་སྔར་ཡོ་རོབ་ཀྱི་དུས་རིམ་བར་མའི་སྐབས་ལྟར། བོད་ལ་སྡེ་པའི་སྲིད་དབང་དང་གྲུབ་མཐའི་དབང་འཛིན་པ་ངན་འབྲེལ་གྱིས་ཆོས་སྲིད་ཟུང་འབྲེལ་འོག་ནས་སྲིད་དབང་འཐབ་རྩོད་དང་། སྡེ་གཟར་དམག་འཁྲུག ཐ་ན་རང་གི་སྲིད་དབང་ཆེད་དུ་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་སོགས་ཀྱི་ལས་ཉེས་ལ་བརྟེན། བོད་རྒྱལ་ཁབ་ཀྱི་ས་སྡེ་རིམ་ཤོར་དང་། མངའ་དབང་རིམ་རྒུད་གྱུར་ཏེ། དུས་རབས་ཉི་ཤུ་པར་ཁྱིམ་མཚེས་རྒྱ་ནག་གིས་བཙན་འཛུལ་འགོ་ཚུགས་པ་མ་ཟད། དུས་ཐུང་ནང་བོད་ཤར་ཕྱོགས་དགྲ་བོ་རྒྱ་ནག་གི་ལག་ཏུ་ཤོར། དེ་ནི་ང་ཚོ་རྒྱལ་སྲུང་ཐབས་ཇུས་ཙམ་མ་ཟད། རིག་གནས་འཕེལ་རིམ་ཐད་ནས་ཀྱང་ང་ཚོས་དེང་རབས་འཛམ་གླིང་གི་རྗེས་མ་ཆོད་པའི་སྐྱོན་དུ་ཟད།
སྤྱི་ལོའི་དུས་རབས་ལྔ་པ་ནས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་བར་དུ་ཡོ་རོབ་ལ་དུས་རབས་བར་མའི་སྐབས་ཡིན་ཅིང་། དུས་རབས་བཅོ་ལྔ་པའི་རྗེས་སུ་ཡོ་རོབ་ལ་རིག་རྩལ་བསྐྱར་དར་བྱུང་ནས་དུས་རབས་བར་མ་མཇུག་བསྒྲིལ་ཀྱང་། ང་ཚོར་ཆོས་སྲིད་ལོགས་དབྱེ་སོགས། ཕྱོགས་མང་པོ་ནས་ད་དུང་ཡང་རིག་རྩལ་བསྐྱར་དར་བྱུང་ཐུབ་མེད་པར་དུས་རབས་བར་མའི་གནས་བབས་སུ་ལུས་ནས་ཡོད། དེ་ནི་ང་ཚོ་འཛམ་གླིང་སྤྱིའི་རིག་གནས་འཕེལ་རིམ་གྱི་རྗེས་སུ་ལུས་པའམ། རིག་གནས་འཕེལ་རིམ་རྗེས་མ་ཟིན་པའི་གནད་དོན་ཡིན།
རིག་གནས་གོང་འཕེལ་ནི་ཧ་ཅང་མྱུར་ཞིང་འགྲན་རྩོད་ཆེ་བས། ད་ལྟ་དང་མ་འོངས་པར་ང་ཚོས་རྙིང་པ་རྒྱུན་འཛིན་དང་རྙིང་པ་བསྐྱར་སྦྱོང་ཙམ་གྱིས་ཁུངས་འཁྱོལ་མི་ཐུབ་པས། རིག་གནས་རྙིང་པ་རྒྱུན་འཛིན་ཐོག ཕྱོགས་སྣ་མང་གི་རིག་གནས་གསར་པའི་འཕེལ་རིམ་གྱི་རྗེས་ཆོད་དགོས་པ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཡིན།
ཤར་སྒོའི་སྲུང་དམག་ཆབ་མདོ་དགྲ་ལག་ཏུ་ཤོར་སྐབས། བོད་ཀྱི་རྒྱལ་སར་ད་དུང་ཡང་མཐོ་རིམ་དཔོན་རིགས་ཚོ་སྤྲོ་སྐྱིད་རྒྱན་རྩེད་ལ་རོལ་བཞིན་ཡོད་ཅིང་། སྐབས་དེར་གཡུལ་ཟློག་ཞབས་རིམ་ཞེས། དགོན་སྡེ་གྲྭ་ཚང་ཁག་ལ་ཉིན་ཞག་རིམ་མཐུད་གཏོར་སྒྲུབ་དང་གཏོར་རྒྱག་ལས་སྦྱོར་བརྩམ་དུ་བཅུག་པ་ལས། མཐོ་རིམ་དབང་འཛིན་པ་ཚོར་རྒྱལ་མཚམས་ཤོར་བའི་ཚོར་བ་དང། དགྲ་འགོག་རྒྱལ་སྲུང་བྱེད་པའི་དུས་རབས་ཀྱི་ཐབས་ཇུས་ཅི་ཡང་མེད།
ཕ་ཙནྡ་གྱི་སྡོང་པོ་ལ། བུ་ཆུ་ཤིང་གི་ཡལ་ག། ཞེས་པའི་དཔེ་ལྟར། བོད་བཙན་པོའི་རུས་ཁོངས་སུ་གཏོགས་པའི་བོད་ཀྱི་དབང་འཛིན་པ་དག་ལ་དུས་རབས་ཉི་ཤུ་པར་ཁ་སྟབས་དང་འཇོན་ནུས་དེ་ལས་མེད་པར་བརྟེན། རྒྱལ་ཁབ་གསར་པ་བཙུགས་ནས་ལོ་ངོ་གཉིས་ཙམ་ཡིན་(སྤྱི་ལོ་ཞེ་དགུ་ལོའི་ཟླ་བཅུ་པར་རྒྱ་ནག་དམར་པོའི་སྲིད་གཞུང་བཙུགས་པའི་ཁྱབ་བསྒྲགས་བྱས།) པའི་རྒྱ་དམར་པོའི་སྲིད་གཞུང་གིས་མི་ལོ་སུམ་བརྒྱར་སྲིད་དབང་བཟུང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ལ་བཙན་གྱིས་འཛུལ་ཏེ། བཀའ་ཡི་བློན་པོ་ང་ཕོད་སོགས། པེ་ཅིན་དུ་བཙན་གྱིས་བོས་ཤིང་། བཙན་ཤེད་དང་འཇིགས་སྐུལ་འོག་སྤྱི་ལོ ༡༩༥༡།༥།༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་དུ་བཅུག་ནས་དེ་རིང་མི་ལོ་རེ་དགུ་འཁོར།
འདི་ནི་བོད་རྒྱལ་ཁབ་བཙན་འཛུལ་འོག་ཚུད་ནས་མི་ལོ་རེ་དགུའི་བཙན་གནོན་གྱི་ཉིན་མོ་དང་། འདི་ནི་བོད་རང་བཙན་ཤོར་བའི་མི་ལོ་རེ་དགུའི་མུན་ནག་གི་ཉིན་མོ། འདི་ནི་བོད་ཀྱི་བུ་ཕྲུག་ཚོས་རང་གི་མེས་རྒྱལ་སྲུང་མ་ཐུབ་པའི་ངོ་ཚའི་ཉིན་མོ། མདོར་ན་འདི་ནི་ང་ཚོའི་ད་ལྟའི་ངོ་རྟགས་དང་ལོ་རྒྱུས་རེད།
ང་ཚོ་ད་ལྟ་ད་དུང་ཡང་ངོ་ཚ་དང་ནག་ཉེས་དེའི་ནང་དུ་ལུས་ནས་ཡོད་ཅིང་། དེ་ནི་ང་ཚོའི་ད་ལྟའི་གནས་བབས་རེད།
འོ་ན། མ་འོངས་ང་ཚོའི་ལོ་རྒྱུས་དང་། མ་འོངས་ངེད་ཅག་གི་བུ་ཕྲུག་ཚོའི་གནས་བབས་ཅི་ཞིག་ཆགས་རྒྱུ་ཡིན་ནམ། དེ་ནི་ང་ཚོའི་ད་ལྟའི་རྒྱལ་ཞེན་གྱི་བསམ་སྤྱོད་ལ་རག་ལས་ཡོད་ཅིང་། ལྷག་པར་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་དམིགས་ཚད་དང་བློས་གཏོང་ལ་རག་ལས་ཡོད།
འུ་ཅག་ང་དགུ་ལོར་རྒྱལ་ས་ཤོར་ནས་གཞན་ཡུལ་ལ་སྐྱབས་བཅོལ་དུ་ཡོང་སྐབས། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ངོ་རྒོལ་བྱས་ཏེ། རང་དབང་རང་བཙན་སླར་གསོའི་དམིགས་ཚད་བཟུང་ནས་ཡོང་། ང་ཚོ་ང་དགུ་ལོར་རང་ས་བཞག་ནས་གཞན་ཡུལ་འགྲིམ་དོན། བཙན་འཛུལ་ཕྱིར་འབུད་དང་རྒྱལ་ཁབ་སླར་གསོའི་དམིགས་ཚད་བཟུང་ནས་ཡོང་། མདོར་ན། ང་ཚོས་ཤོར་བ་བོད་རང་བཙན་ཡིན་པས། ལེན་དགོས་པ་ཡང་བོད་རང་བཙན་ཡིན་ཅིང་། དེ་ནི་ང་ཚོའི་རྩ་དོན་རེད། ང་ཚོས་རྩོད་ལེན་དགོས་པའི་རྩ་དོན་ནི་བོད་རང་བཙན་ཡིན་པ་ལས། རྩ་དོན་མ་ཡིན་པའི་གནད་དོན་ཞིག་རྩ་དོན་ནང་ཨུ་ཚུགས་ཀྱིས་འགྲེལ་རྒྱུ་དེ་མ་ཡིན།
ང་ཚོས་རང་གི་རྩ་དོན་རྒྱུན་འཁྱོངས་དགོས་པ་ནི། ཡབ་མེས་ལ་གུས་ཞབས་བྱེད་མིན་དང་། བདེན་དོོན་ལ་གཙིགས་འཛིན་བྱེད་མིན། ད་དུང་མདུན་ལམ་ལ་ཁག་ཐེག་བྱེད་མིན་བཅས་ཀྱི་གནད་དོན་ཡིན། མདོར་ན་རྩ་དོན་རྒྱུན་འཁྱོངས་དགོས་པ་ནི། ལ་རྒྱ་ཡོད་མེད་དང་། མདུན་ལམ་བརྙེད་མིན་གྱི་གནད་དོན་ཡིན།
ངས་རང་གིས་མེས་རྒྱལ་བོད་ངོ་ཤེས་པ་དང་རྩ་དོན་ལ་འབད་པ་བྱེད་འགོ་ཚུགས་དུས། ང་ཚོ་བཙན་བྱོལ་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་དམིགས་ཚད་གཅིག་གྱུར་ནས་དུམ་བུར་ཆག་ཟིན་པའི་སུམ་མདོ་ན་སླེབས་ཟིན་ཏེ། རྩ་དོན་མ་ཡིན་པའི་གནད་དོན་གཞན་ཞིག་རྩ་དོན་ནང་ཨུ་ཚུགས་ཀྱིས་འགྲེལ་བཞིན་འདུག་པ་ནི། དབུ་མའི་ལམ་ཟེར་བ་དེ་རེད།
འོན་ཀྱང་ཐ་ཆུང་ངའི་བསམ་སྤྱོད་གཉིས་ཀས་དབུ་མའི་ལམ་ནི་བོད་ཀྱི་རྩ་དོན་དུ་ཁས་ལེན་མ་ཐུབ་ཅིང་། དགྲ་བོ་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་རྒྱུའི་དབུ་ལམ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ལས་ཀྱང་ཐབས་སྐྱོ་བ་ཞིག་ཏུ་སེམས་པས། དེ་ཉིད་བོད་ཀྱི་རྩ་དོན་དུ་དེ་བས་ཁས་ལེན་མི་ཐུབ།
རྒྱུ་མཚན། དོན་ཚན་བཅུ་བདུན་ཟེར་བ་ནི་བཙན་དབང་འོག་ཁས་ལེན་མ་བྱས་ཀ་མེད་ཀྱི་ཁས་ལེན་ཞིག་ཚུར་དགྲ་བོས་བྱེད་དུ་བཅུག་པ་ཡིན་ཡང་། སྤྱི་ལོ་ ༢༠༠༨ ལོར་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་རྒྱུའི་བསམ་འཆར་ཡིག་ཆ་ཟེར་བ་ནི། རང་དབང་ལུང་པ་ནས་རང་མོས་ཀྱིས་ཕར་རྒྱ་ནག་ལ་སྤྲད་བཞག་པ་ཞིག་ཡིན་པས། ལོ་རྒྱུས་ཀྱི་བདག་དབང་དང་། རྩ་དོན་འཐབ་རྩོད་ལ་དོན་ཚན་བཅུ་བདུན་ཟེར་བ་ལས་ཀྱང་བསམ་འཆར་ཡིག་ཆ་ཟེར་བ་དེ་ནག་ཉེས་ཆེ་བ་མ་ཡིན་ནམ།
དེ་གཉིས་ཀའི་འདྲ་ས་ནི་བོད་དེ་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་རྒྱུ་དང་། མི་འདྲ་བ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་གཞན་དབང་འོག་ནས་རང་གི་འདོད་པ་མེད་བཞིན་འཇོག་དགོས་བྱུང་བ་དང་། བསམ་འཆར་ཡིག་ཆ་ནི་རང་དབང་ལུང་པ་ནས་རང་མོས་ཀྱིས་ཕར་སྤྲད་པ་ཞིག་རེད།
ང་དགུ་ལོར་རྒྱ་ནག་གི་བཙན་འཛུལ་དང་རྒྱ་ནག་གི་རྩ་ཁྲིམས་ལ་མོས་མཐུན་མ་བྱས་པར་སྐྱབས་བཅོལ་དུ་ཡོང་བ་མ་ཟད། རད་དབང་ལུང་པར་བཅའ་ཁྲིམས་ལྡན་པའི་སྲིད་གཞུང་ཡོད་པ་མ་ཟད། མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱང་ཟིན་བྲིས་སུ་སྔོན་མ་ཞིག་ནས་ཕབ་ཡོད། དེ་དག་ནི་ང་ཚོའིི་ཐོབ་ཐང་ཡིན་པ་མ་ཟད། ཆེས་གཟི་བརྗིད་ལྡན་པའི་བློ་བཀོད་དང་སྙིང་སྟོབས་ཤིག
དེས་ན་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གི་རྩ་ཁྲིམས་འོག་བསྡད་རྒྱུའི་བསམ་འཆར་ཡིག་ཆ་དེ་ནི་ང་ཚོས་རྩ་དོན་རྒྱུན་འཁྱོངས་མ་བྱས་པའི་ནག་ཉེས་ཤིག་མ་རེད་དམ། ད་དུང་དེ་ལ་དེ་ལས་ལྕི་བའི་མིང་ཚིགས་ཀྱང་འབབ་འོས།
འོན་ཀྱང་གནས་ལུགས་ལས་དད་མོས་དབང་བཙན་ཞིང་། བདེན་དོན་ལས་ངོ་སྲུང་ལ་རིན་གོང་མཐོ་བའི་ང་ཚོའི་ཁོར་ཡུག་ན། དམངས་གཙོ་ཁྲ་ཁྲ་དང་། རྩ་དོན་ཁྲ་ཁྲ་ཡིན་སོང་བས། རང་དབང་ཅན་དུ་ཁས་ཆེ་བའི་ང་ཚོའི་གསར་འགྱུར་བརྒྱུད་ལམ་དང་། དཔྱད་ཞིབ་པ་དག་གིས་ང་གཅིག་ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་། ཉིས་སྟོང་བརྒྱད་ལོའི་བསམ་འཆར་ཡིག་ཆ་ཟེར་བ་བསྡུར་ནས་གླེང་བ་ཞིག་གོ་མྱོང་ངམ། ངོ་མ་གནད་དོན་དེ་གཉིས་བར་བསྡུར་ནས་གླེང་བ་ཞིག་ད་དུང་ཡང་གོ་ཐོས་དབེན། འདི་ཡང་ང་ཚོའི་ཐུན་མོང་མ་ཡིན་པའི་དམངས་གཙོའི་ཁྱད་ཆོས་དུ་མའི་ནང་གི་གཅིག་ཡིན་ཆོག
དོན་དམ་གྱི་ང་ཚོའི་དམངས་གཙོ་གོང་འཕེལ་དང་རྩ་དོན་ལེགས་བཅོས་དགོས་ན། དེ་ནི་དགེ་སྐྱོན་གཉིས་ཀ་སྦྱང་བཤད་གསལ་བཀྲོལ་བྱ་དགོས་པ་ལས། ངོ་སྲུང་དང་རང་ཁེའི་དོན་དུ། ལེགས་ཆ་དང་ལེགས་ཕྱོགས་ཁོ་ན་གླེང་ནས་ཞན་ཆ་དང་ནོར་འཁྲུལ་ཡོད་ཚད་སྦས་འགེབས་ཀྱིས་ངོ་སྲུང་སྤྲེལ་ལད་ཁྲོད་དུས་ཚོད་བསྐྱལ་ན་འགྲིག་ཐབས་མེད།
ངོ་སོ་མཐོ་པོ་དང་། རྣ་བ་འཇམ་པོ་དེ་ང་ཚོ་ཚང་མར་དགོས་པ་མ་ཟད། ཇི་ལྟར་བྱེད་ན་རྣ་བ་འཇམ་པ་དང་། ཅི་ཞིག་བཤད་ན་ངོ་སོ་ཐོན་པ་དེ་ཡང་ཚང་མས་ཤེས་པ་ཞིག་ལས། དེ་མི་རེ་ཟུང་ལ་དབང་བའི་རྒྱུ་ནོར་དང་ཤེས་བྱ་ཞིག་མ་རེད།
འོན་ཀྱང་རང་གི་རྣ་བ་འཇམ་ཐབས་དང་ངོ་སོ་ཐོན་ཐབས་ཁོ་ན་བྱས་ཏེ། རྩ་དོན་ཐད་ནས་ཀྱང་ངོ་སྲུང་སྤྲེལ་ལད་བྱེད་ན། ལས་འབྲས་དང་དམ་ཚིག་གྲངས་གསོག་བྱེད་པའི་སྤྱི་ཚོགས་ཤིག་ལ་འོས་པོ་མེད་པ་མ་ཟད། དེ་བས་ཀྱང་རྩ་དོན་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་བཏང་ཟིན་པའི་དཔའ་བོ་དཔའ་མོ་དག་གི་རྣམ་ཤེས་དང་། མ་འོངས་གངས་ཅན་པའི་བུ་ཕྲུག་ཚོའི་མདུན་ལམ་ལ་འགྲིག་ཐབས་ཏན་ནས་མེད།
གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་། བསམ་འཆར་ཡིག་ཆ་ཟེར་བ་གཉིས་བསྡུར་བའི་ཟུར་ཙམ་དེ་རིང་འདིར་བཀོད་པ་ནི། བོད་ཀྱི་དམངས་གཙོ་གོང་འཕེལ་དང་རྩ་དོན་ཁ་གསལ་རྒྱུན་འཁྱོང་ཡོང་བའི་ཆེད་དུ་ཡིན།
དེ་བཞིན་བཙན་འཛུལ་གྱི་ལོ་ཟླ་ཅི་ཙམ་རིང་དུ་སོང་ཡང་། གངས་ཅན་པའི་བུ་ཕྲུག་ཚོས་བཙན་འཛུལ་བཙན་གནོན་གྱི་ན་ཟུགས་བརྗེད་མེད་ཅིང་། རྒྱལ་ཁབ་སླར་གསོའི་རེ་བ་དང་སྙིང་སྟོབས་ཤི་མེད་པར། བོད་རྒྱའི་ཤ་འཁོན་ད་དུང་ཡང་གསོན་ནས་ཡོད་ཅེས་དེ་རིང་དགྲ་བོ་རྒྱ་ནག་ལ་ལ་བརྗོད་འདོད། འདི་ནི་དེ་རིང་གི་ཉི་མ་ནག་པོ་སྲུང་བརྩི་བྱེད་སྟངས་དང་། དགྲ་བོ་ལ་ངོ་རྒོལ་གྱི་འབོད་པ་གཞན་ཞིག་ཡིན།
།། །། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ་ ༢༠༢༠།༥།༢༣ དགོང་མོར་ནིའུ་ཡོག་ནས།།