གྲོས་ཚོགས་གོང་མའི་ནང་ཊོམ་ཐོག་ནག་ཉེས་ར་སྤྲོད་བྱུང་རྒྱུ་ཁག་པོ་ཡིན་འདུག
ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱིས་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་ཏེ། ཉེས་འཛུགས་ཀྱི་ཡིག་ཆ་དེ་གྲོས་ཚོགས་གོང་མར་སླེབས་ཟིན་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་ཕལ་ཆེ་བས་སྲིད་འཛིན་ཟུར་པར་ཁྲིམས་ཞིབ་བྱེད་པ་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པའི་བསམ་ཚུལ་འཛིན་གྱི་འདུག་པས། ཁྲིམས་ཞིབ་རྗེས་སུ་ཊོམ་གྱིས་ནག་ཉེས་བསགས་ཡོད་པའི་ཐག་གཅོད་བྱུང་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་འདུག
ཟླ་༡ པོའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱིས་ཨ་རིའི་གྲོས་ཚོགས་སུ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་ཡོད་མེད་ཐོག ཟླ་བ་རྗེས་མར་གྲོས་ཚོགས་གོང་མའི་ནང་ཁྲིམས་ཞིབ་ལས་རིམ་འགྲོ་རྒྱུ་ཡིན་པས། ཚེས་༢༦ ཉིན་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་གིས། སྲིད་འཛིན་ཟུར་པ་ཞིག་ལ་གྲོས་ཚོགས་གོང་མའི་ནང་ཁྲིམས་ཞིབ་བྱེད་པའི་ལས་དོན་དེ་རྩ་ཁྲིམས་དང་མཐུན་གྱི་ཡོད་མེད་ཐད། འཐུས་མི་ཚོས་འོས་ཤོག་བླུགས་དགོས་པའི་གྲོས་འཆར་བཏོན་རྗེས། འོས་ཤོག་འཕངས་འདུག་པས་གྲུབ་དོན་དུ། སྤྱི་མཐུན་ཚོགས་པའི་འཐུས་མི་༤༥ ཡིས་ལས་དོན་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པར་རྒྱབ་སྐྱོར་བྱས་འདུག་པ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་༥ དང་མང་གཙོ་ཚོགས་པའི་འཐུས་མི་༥༠ ཡིས་རྩ་ཁྲིམས་དང་མཐུན་གྱི་ཡོད་པར་རྒྱབ་སྐྱོར་བྱས་འདུག ཟླ་བ་རྗེས་མར་གྲོས་ཚོགས་གོང་མའི་ནང་གི་ཁྲིམས་ཞིབ་ལས་དོན་སྐབས་སུ། སྲིད་འཛིན་ཟུར་པ་ཊོམ་གྱིས་ནག་ཉེས་བསགས་ཡོད་པའི་ཐག་གཅོད་བྱུང་ཆེད་དུ། ཉུང་མཐར་སྤྱི་མཐུན་ཚོགས་པའི་འཐུས་མི་༡༧ གྱིས་མང་གཙོ་ཚོགས་པའི་འཐུས་མི་༥༠ ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་དགོས་ཀྱི་ཡོད་འདུག་པས། ཁྲིམས་ཞིབ་སྐབས་སུ་ཊོམ་ཐོག་ནག་ཉེས་ར་སྤྲོད་བྱེད་ཐུབ་རྒྱུ་ཁག་པོ་ཡིན་འདུག་ཀྱང་། མང་གཙོ་ཚོགས་པས་ཁྲིམས་ཞིབ་དང་ཐེངས་འདིའི་འོས་ཤོག་བར་ཁྱད་པར་ཆེན་པོ་ཡོད་སྐོར་བརྗོད་བཞིན་འདུག
འོས་ཤོག་གི་ལས་དོན་དེ་གྲུབ་རྗེས་གྲོས་འཆར་དེ་འདོན་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་དེས། སྲིད་འཛིན་ཊོམ་ལ་ཁྲིམས་ཞིབ་བྱེད་པའི་ལས་དོན་དེ་གྲོས་ཚོགས་གོང་མའི་ནང་སླེབས་མ་ཐག་ཤི་ཟིན་པ་དང་། འཐུས་མི་༤༥ ཡིས་ལས་དོན་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པར་རྒྱབ་སྐྱོར་བྱས་ཟིན་པས། ཊོམ་ཐོག་ནག་ཉེས་ར་སྤྲོད་བྱེད་ཐབས་བྲལ་བ་ཡིན་སྐོར་བརྗོད་འདུག དེ་བཞིན་མང་གཙོ་ཚོགས་པ་དང་མཉམ་དུ་འོས་ཤོག་འཕངས་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་གིས་ཀྱང་ཐེངས་འདིའི་འོས་ཤོག་གྲུབ་དོན་དེས། ཁྲིམས་ཞིབ་ཀྱི་མཐའ་འཇུག་གྲུབ་དོན་གང་འདྲ་འབྱུང་རྒྱུ་ཡིན་པ་བརྡ་སྟོན་བྱས་ཡོད་སྐོར་བསྒྲགས་འདུག
ཌོ་ནལ་ཊོམ་གྱི་སྲིད་འཛིན་ལས་ཡུན་རྫོགས་ཟིན་པས། ཁྲིམས་ཞིབ་ལས་དོན་སྐབས་སུ་གལ་ཏེ་ཁོང་གིས་ནག་ཉེས་བསགས་ཡོད་པ་ར་སྤྲོད་བྱུང་ཚེ། མ་འོངས་པར་ཁོང་ཨ་རིའི་གཞུང་གི་ལས་གནས་སུ་ལས་ཀ་བྱེད་ཆོག་གི་མེད་པ་ཆགས་རྒྱུ་ཡིན་འདུག ཊོམ་གྱིས་ཀྱང་གལ་ཏེ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཁོང་གི་ཁ་གཏད་དུ་འོས་ཤོག་འཕངས་ཚེ། ཨ་རིའི་ནང་སྲིད་དོན་ཚོགས་པ་གསར་པ་ཞིག་བཙུགས་ནས་གྲོས་ཚོགས་འོས་བསྡུ་སྐབས་སུ་ཁོང་ལ་ཁ་གཏད་བྱེད་མཁན་ཚོ་དང་འོས་འགྲན་བྱེད་རྒྱུ་ཡིན་པའི་སྡིགས་བསྐུལ་བྱས་འདུག
དཔྱད་བརྗོད་པ་མང་པོ་ཞིག་གིས་ཊོམ་སྲིད་འཛིན་ཟུར་པ་ཆགས་ཟིན་ཡང་། སྤྱི་མཐུན་ཚོགས་པའི་འོས་འཕེན་པའི་མི་མང་ཁྲོད་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་མུ་མཐུད་ནས་ཡོད་པས། གལ་ཏེ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཊོམ་ལ་ཁ་གཏད་ཀྱི་འོས་ཤོག་འཕངས་ཚེ། མ་འོངས་པར་འཐུས་མི་དེར་འོས་ཤོག་རྒྱལ་ཁ་ཐོབ་མིན་གྱི་ཉེན་ཁ་ཡོད་སྐོར་བསྒྲགས་བཞིན་འདུག
མང་གཙོ་ཚོགས་པའི་འཐུས་མི་ཚོས་ཐེངས་འདིའི་འོས་ཤོག་ལས་རིམ་དེ་ནི་ཁྲིམས་ཞིབ་དེ་རྩ་ཁྲིམས་དང་མཐུན་མིན་གྱི་བསམ་ཚུལ་འདོན་ཆེད་ཡིན་པ་དང་། ཁྲིམས་ཞིབ་དངོས་དེ་ནི་ཊོམ་གྱིས་ནག་ཉེས་བསགས་ཡོད་མེད་ཐོག་ཡིན་པས། ལས་དོན་དེ་གཉིས་ཐ་དད་ཡིན་ཁར། འོས་ཤོག་གི་གྲུབ་དོན་ཡང་འགྱུར་བ་འགྲོ་སྲིད་སྐོར་བརྗོད་བཞིན་འདུག
ཉེ་ཆར་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་གྱིས་འོས་བསྡུའི་གྲུབ་འབྲས་འགྱུར་ལྡོག་གཏོང་ཆེད་དུ། ཨ་རིའི་གཞུང་ལ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་ཏེ། ཁོང་ལས་གནས་ནས་གནས་དབྱུང་བཏང་ནས། མ་འོངས་པར་གཞུང་གི་ལས་གནས་སུ་ལས་འཁུར་ནམ་ཡང་བྱེད་མི་ཆོག་པ་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་འདུག དེ་ཡང་ཉེས་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འོག་མའི་འཐུས་མི་༢༣༢ བྱུང་འདུག་པ་དང་། དགག་བྱ་བྱེེད་མཁན་༡༩༧ བྱུང་ནས་མང་མོས་ཀྱིས་སྲིད་འཛིན་ཁོང་ལ་ཉེས་འཛུགས་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཊོམ་གྱི་ལས་ཡུན་མ་རྫོགས་སྔོན་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་ཞིབ་ཀྱི་ལས་དོན་འགྲོ་ཐུབ་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།