གྲོས་ཚོགས་ལས་ཉིན་བཞི་པར་སྔོན་རྩིས་གཏན་འབེབས་དང་སྤྱི་ཡོངས་བགྲོ་གླེང་།
ཟླ་འདིའི་ཚེས་༢༡ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་སོང་།

སྔ་དྲོའི་ལས་རིམ་ཐོག་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་བགྲོ་གླེང་དང་གཏན་འབེབས་གནང་རྗེས། རིམ་བཞིན་ཕྱི་དྲིལ་ཁྱབ་ཁོངས་ཀྱི་དོན་གཅོད་ཁག་གི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་སོང་།
དོན་གཅོད་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་རྣམ་པས་ལྡི་ལི་དོན་གཅོད་འོག་ལ་བོད་ཀྱི་འགྲེམས་སྟོན་ཁང་ཞིག་རྒྱག་རྒྱུ་གལ་ཆེན་ཡིན་པ། ཕྱི་བསྐྱོད་ལག་དེབ་(ལག་དེབ་སེར་པོ་) ལེན་ཕྱོགས་སྟབས་བདེ་རུ་བཟོ་དགོས་པ། དོན་གཅོད་ཁག་གིས་གནས་ཡུལ་རྒྱལ་ཁབ་ཁག་གི་ནང་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ཆབ་སྲིད་ཚོགས་པ་བྱེ་བྲག་པར་རྒྱབ་སྐྱོར་གྱི་རྣམ་པ་འདོན་མི་རུང་བ། བཙན་བྱོལ་ནང་དུ་སྡོད་མཁན་ཚོ་བོད་ལ་ཡུལ་སྐོར་སྤྲོ་འཆམ་སོགས་འགྲོ་དུས་རྒྱ་ནག་གི་ལག་ཆ་མི་འགྱུར་བ་བྱེད་རྒྱུའི་ཐོག་རྒྱུན་དུ་ཡིད་གཟབ་བྱེད་དགོས་པ་སོགས་ཀྱི་དགོངས་ཚུལ་དང་དོགས་འདྲི་གནང་བར་ཕྱི་དྲིལ་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་བ་མ་ཟད། བཀའ་ཤག་ལ་སྔོན་རྩིས་དང་འབྲེལ་བའི་དོགས་འདྲི་དང་དགོངས་ཚུལ་ཕུལ་བར་སྲིད་སྐྱོང་གིས་ལན་འདེབས་གསལ་བཤད་གནང་སོང་།
དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་སོགས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་བཅས་གཏན་འབེབས་གནང་ནས་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་མཇུག་སྒྲིལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
