རྩོད་རྙོག་ཅན་གྱི་རྒྱ་ནག་གི་ཁྲིམས་གསར་པ།
ཟླ་འདིའི་ཚེས་༢༧ ཉིན་རྒྱ་ནག་གཞུང་ཁྲིམས་བཟོ་ལྷན་ཁང་གིས་འཇིག་སྐུལ་རིང་ལུགས་པར་ཕར་རྒོལ་བྱེད་པའི་ཁྲིམས་གསར་པ་གཏན་ལ་ཕབ་འདུག
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། རྒྱ་ནག་གི་ཁྲིམས་གསར་པ་དེས་འཇིག་སྐུལ་རིག་ལུགས་པར་ཕར་རྒོལ་བྱེད་པའི་དོན་གཅོད་ཁང་དང་དམག་མི་གསར་དུ་བཞག་པ་མ་ཟད། དེ་ལ་དྲ་ཐོག་གི་འབྲེལ་ལམ་སོགས་ལ་ཐེ་བྱུས་བྱེད་པའི་དབང་ཚད་ཆེན་པོ་བཟོས་ཡོད་པས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང། ཆོས་ལུགས་བྱེ་བྲག་ཁག་གི་གྲངས་ཉུང་མི་རིགས་ལ། དྲག་གནོན་བྱེད་པའི་ལག་ཆར་འགྱུར་ཉེན་ཡོད་པ་མ་ཟད། ཁྲིམས་དེ་རྒྱལ་སྤྱིའི་འཇིག་སྐུལ་རིག་ལུགས་པ་ཕར་རྒོལ་བྱེད་པའི་ཁྲིམས་ཀྱི་ཚད་གཞི་དང་མི་མཐུན་པའི་སྐྱོན་བརྗོད་བྱས་འདུག
རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས། ཕྱི་ལོ་༢༠༡༤ ལོར་ཡུ་གུར་བ་ཁ་ཤས་ཀྱིས་མེ་འཁོར་འབབ་ཚུགས་སུ། མི་༢༩ ལ་གྲི་བཙུགས་ནས་བསད་པའི་གནས་ཚུལ་བརྗོད་དེ། འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ལུགས་བརྗོད་འདུག
ཁྲིམས་གསར་པ་དེའི་ནང་དུ། འཇིགས་སྐུལ་རིང་ལུགས་ཕར་རྒོལ་བྱེད་མཁན་གྱི་དམག་མི་ཚོས། ཛ་དྲག་གི་དུས་ལ་མེ་མདའ་རྒྱག་ཆོག་པ་དང་ཕྱིའི་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་རིང་ལུགས་པ་ཕར་རྒོལ་བྱེད་ཆེད་འགྲོ་ཆོག་པ། རྒྱ་གཞུང་གི་ངོས་ལེན་ཡོད་པའི་བརྒྱུད་ལམ་ཁག་ལས། བརྒྱུད་ལམ་གཞན་གྱིས་འཇིགས་སྐུལ་གྱི་གནས་ཚུལ་རིགས་འབྲི་མི་ཆོག་པ་སོགས་འཁོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།