ཉི་ཧོང་གིས་ཐའེ་ཝན་རྒྱ་ནག་གི་ས་ཁྲ་ནས་མར་བླངས་འདུག 

འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་སྣང་བརྙན་ཉིན་རེ་བཞིན་སྡུག་ཏུ་ཕྱིན་ནས་མང་གཙོའི་རྒྱལ་ཁབ་ཚོས་“རྒྱ་ནག་གཅིག་གི་སྲིད་བྱུས་”ལ་བསྐྱར་ཞིབ་གཟབ་ནན་བྱེད་བཞིན་པའི་དུས་སྐབས་འདིར། ཉི་ཧོང་གི་ལོ་འཁོར་རྒྱལ་སྲུང་སྙན་ཐོའི་(Defense of Japan white paper) ནང་དུ་ཐེངས་དང་པོར་རྒྱ་ནག་གི་ས་ཁྲ་ནས་ཐའེ་ཝན་མར་བླངས་ཡོད་འདུག 

ཉི་ཧོང་གི་ལོ་འཁོར་རྒྱལ་སྲུང་སྙན་ཐོ་སྔོན་མ་དག་གི་ནང་དུ་ཐའེ་ཝན་དང་རྒྱ་ནག་གཉིས་ས་ཁྲ་གཅིག་དང་ལེའུ་གཅིག་གི་ནང་དུ་འཇོག་སྲོལ་ཡོད་པར་བརྟེན། ཐའེ་ཝན་གྱི་མི་མང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཡིན་ན་ཡང་། བདུན་ཕྲག་འདིའི་ནང་དུ་པར་སྐྲུན་བྱས་པའི་རྒྱལ་སྲུང་སྙན་ཐོ་གསར་ཤོས་ནང་དུ། རྒྱ་ནག་དང་ཐའེ་ཝན་གཉིས་དབྱེ་བ་ཕྱེ་ནས་ཉི་ཧོང་རྒྱལ་སྲུང་ལས་ཁུངས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད་འདུག 

དེ་སྔོན་ཡིན་ན། ཐའེ་ཝན་ཉི་ཧོང་གི་རྒྱལ་སྲུང་སྙན་ཐོའི་ས་བཅད་དང་པོའི་ལེའུ་གཉིས་པའི་ནང་དུ་རྒྱ་ནག་གི་ས་ཁུལ་ཞིག་ཏུ་བརྩིས་ནས་འཇོག་སྲོལ་ཡོད་འདུག་རུང་། ད་ལོའི་སྙན་ཐོ་གསར་པའི་ནང་དུ་ཐའེ་ཝན་རྒྱ་ནག་གི་ས་ཁྲ་ནས་ཡོངས་སུ་བསུབས་ནས་མེད་པ་བཟོས་པ་མ་ཟད། “ཐའེ་ཝན་གྱི་མཐའ་འཁོར་བརྟན་ལྷིང་བཟོ་རྒྱུ་དེ་ཉི་ཧོང་གི་བདེ་འཇགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གལ་འགངས་ཆེན་པོ་ཆགས་ཡོད། དེ་བས་ང་ཚོས་གནས་སྟངས་དེར་སྔར་གཏན་ནས་བྱུང་མྱོང་མེད་པའི་དོ་སྣང་ཟབ་མོ་སྤྲོད་དགོས་”ཞེས་བཀོད་ཡོད་འདུག 

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་བསྐོངས་པའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོའི་ལི་ཇན་(Zhao Lijian) གྱིས་ཉི་ཧོང་གིས་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ཏེ། གཞི་རྩ་མེད་པའི་ཐོག་ནས་རྒྱ་ནག་གི་དམག་དང་རྒྱལ་སྲུང་ལས་དོན་ལ་སྐྱོན་འཛུགས་”བྱས་ཡོད་ཅེས་ཉི་ཧོང་གི་སྙན་ཐོ་གསར་པ་དེར་རྒོལ་གཏམ་སྨྲས་འདུག 

ཡིན་ན་ཡང་། ཁ་སང་རེས་གཟའ་ལྷག་པའི་ཉིན་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་ཉི་ཧོང་རྒྱལ་སྲུང་ལས་ཁུངས་ཀྱིས་“ཐའེ་ཝན་གྱི་མཐའ་འཁོར་བརྟན་ལྷིང་བཟོ་རྒྱུ་དེ་གལ་འགངས་ཆེ་བ་”དང་། “གནས་སྟངས་དེར་སྔར་གཏན་ནས་བྱུང་མྱོང་མེད་པའི་དོ་སྣང་ཟབ་མོ་སྤྲོད་དགོས་”པའི་གནད་དོན་གསལ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཏེ་རྒྱལ་སྲུང་སྙན་ཐོའི་འགྱུར་བ་དེར་དགའ་བསུ་ཞུས་འདུག

དེང་སྐབས་རྒྱ་ནག་གིས་ནང་དུ་དྲག་གནོན་དང་དམ་དྲག་ཇེ་ཆེ་དང་། ཕྱི་རུ་ཧམ་ཤེད་དང་བཙན་འཛུལ་ཇེ་དྲག་ཏུ་བཏང་ནས་མི་འགྱངས་པར་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱིན་ཡོད་ན་ཡང་། ཨ་རི་དང་ཉི་ཧོང་གིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་གལ་གནད་དུ་མཐོང་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་རྗོད་བཞིན་ཡོད་པའི་ཁར། “རྒྱ་ནག་གཅིག་གི་སྲིད་བྱུས་”ལ་བསྐྱར་ཞིབ་གཟབ་ནན་བྱེད་བཞིན་པའི་སྒང་ཡིན། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།