ཊོམ་གྱིས་ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་བྱེད་རྒྱུའི་དུས་ཡུན་ཐུང་དུ་བཏང་འདུག 

སྲིད་འཛིན་ཊོམ་གྱིས་ཡུག་རེན་དང་ཨུ་རུ་སུ་གཉིས་དམག་མཚམས་འཇོག་ཐབས་སུ་འབད་བརྩོན་ཐེངས་མང་བྱས་ཡོད་ཀྱང་། ད་བར་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། དེ་ལས་ལྡོག་སྟེ་ཡུག་རེན་ནང་ཨུ་རུ་སུའི་དྲག་རྒོལ་ལ་བརྟེན་ནས་མི་མང་པོའི་ཚེ་སྲོག་འཆོར་བཞིན་ཡོད་པའི་རྐྱེན་གྱིས། ཨ་རིའི་སྲིད་འཛིན་ཊོམ་གྱིས་དེ་སྔོན་བདུན་ཕྲག་གཉིས་ཀྱི་སྔོན་དུ་འབྱུང་འགྱུར་ཉིན་༥༠ ནང་ཨུ་རུ་སུའི་ངོས་ནས་གྲོས་མོལ་བྱས་ཏེ་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་ཚེ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པར་བརྗོད་ཡོད་ཀྱང་། ད་ཆར་གྲུབ་འབྲས་གང་ཡང་ཐོན་གྱི་མེད་པར་བརྟེན། སྲིད་འཛིན་ཊོམ་གྱིས་འདི་བཞིན་སྒུག་བསྡད་ན་དུས་ཚོད་འཕྲོག་བརླག་རེད་འདུག་ཅེས་བརྗོད་འདུག

ཕྱི་ཚེས་༢༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན། བདུན་འདིའི་གཟའ་ཟླ་བའི་ཉིན་ཨུ་རུ་སུས་ཡུག་རེན་དང་ལྷན་དུ་གྲོས་མོལ་བྱས་ཏེ་ཉིན་གྲངས་༡༠ ནས་༡༢ བར་དམག་འཁྲུག་མཚམས་འཇོག་བྱེད་དགོས་པར་བརྗོད་འདུག་ལ། དུས་ཡུན་རིང་པོ་བསྒུགས་ན་དུས་ཚོད་འཕྲོ་བརླག་ཡིན་པ་ལས་གྲུབ་འབྲས་གང་ཡང་ཐོན་གྱི་མི་འདུག་ཅེས་བརྗོད་འདུག བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་སེ་ཀོ་ཌི་ལན་ཌིའི་ནང་གི་ཚོགས་འདུ་ཞིག་གི་ཐོག་ཏུ། བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་གང་རུང་ལ་ཨུ་རུ་སུའི་ངོས་ནས་དམག་འཁྲུག་མཚམས་འཇོག་ཆེད་དུ་གྲོས་མོལ་གང་མགྱོགས་བྱེད་དགོས་པའི་དུས་ཡུན་ཚད་བཀག་བཟོ་རྒྱུ་ཡིན་པར་བརྗོད་པ་བཞིན། གཟའ་ཟླ་བའི་ཉིན་ཊོམ་གྱིས་དུས་ཚོད་ཚད་བཀག་བཟོས་འདུག ཡུག་རེན་གྱི་སྲིད་འཛིན་ནས་ཊོམ་གྱིས་དུས་ཡུན་ཐུང་དུ་བཏང་བ་ལ་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། ད་ལྟ་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་དུས་ཚོད་བཟང་པོ་ཞིག་ཡིན་པར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་གྱིས་སྙིང་སྟོབས་ཆེན་པོའི་ཐོག་ནས།  དམག་འཁྲུག་གིས་རྐྱེན་པའི་ཚེ་སྲོག་འཆོར་བཞིན་པ་དག་འགོག་ཐབས་ཆེད་དུ་འབད་བརྩོན་བྱེད་བཞིན་པ་དེ་ལ་བསྟོད་བསྔགས་ཆེན་པོ་བྱས་འདུག ཟླ་བ་འདིའི་འགོ་སྟོད་དུ་ཊོམ་གྱིས་རྒྱལ་ཁབ་སུ་ཞིག་གིས་ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་བྱས་ཚེ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པར་བརྟེན། གལ་སྲིད་ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་མ་བྱས་ཚེ། ཨུ་རུ་སུའི་ཡོང་འབབ་དང་ཚོང་རོགས་རྒྱལ་ཁབ་གཞན་ཚོའི་ཡོང་འབབ་མང་པོ་ཞིག་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག 

ཐེངས་འདིར་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་བྱ་སྤྱོད་དེ་ཁོ་ལ་གཏན་ནས་དགའ་པོ་མ་བྱུང་བ་དང་། ངས་ཁོང་དང་ལྷན་དུ་ཐེངས་འགའ་ཤས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་པ་ཡིན། ཁོང་གིས་གྲོས་མོལ་བྱེད་དུས་སྐད་ཆ་ཡག་པོ་ཤོད་ཀྱི་འདུག འོན་ཀྱང་། ཉིན་དེའི་དགོང་མོར་ཡུག་རེན་ལ་བསྐྱར་དུ་གཏོར་རྒོལ་གཏོང་གི་འདུག ད་ནས་བཟུང་གྲོས་མོལ་བྱེད་རྒྱུ་མིན་ལ། གྲོས་མོལ་ལ་འདོད་པ་ཡང་མེད་དུས་ཚོད་འཕྲོག་བརླག་རེད་འདུག་ཅེས་དབྱིན་ཡུལ་གྱི་སྲིད་བློན་ལ་བརྗོད་འདུག 

འོན་ཀྱང་། གཟའ་ཟླ་བའི་ཉིན་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་(Andrey Gurulyov)ཡིས་ཊོམ་གྱི་ཉེན་བརྡ་ལ་ལན་འདེབས་ཚུལ་དུ། ཊོམ་གྱི་སྐད་ཆ་ཡིས་ཨུ་རུ་སུའི་ལངས་ཕྱོགས་ལ་འགྱུར་བ་ནམ་ཡང་འགྲོ་ཡི་མ་རེད་ལ། ང་ཚོ་སོ་སོ་ལ་ཡང་ལངས་ཕྱོགས་ཡོད་རེད་ཅེས་བརྗོད་འདུག ཡུག་རེན་གྱི་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་ཀྱི་འགོ་ཁྲིད་(Andriy Yermak)ཡིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་གཞན་ལ་སྟོབས་ཤུགས་ཡོད་ན། གུས་བཀུར་བྱེད་ཀྱི་རེད་མ་གཏོགས། གཞན་ཁ་ཡ་བྱེད་ཀྱི་མ་རེད། ཨ་རིའི་སྲིད་འཛིན་ཊོམ་གྱིས་དབང་ཤུགས་ལྡན་པའི་ཐོག་ནས་བརྡ་ལན་གསལ་པོ་སྤྲད་ཡོད་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ཅེས་བརྗོད་ནས་བསྟོད་བསྔགས་ཆེན་པོ་བཏང་འདུག 

ད་བར་ར་ཡུའི་བར་གྲོས་མོལ་ཐེངས་གསུམ་བྱས་ཡོད་འདུག་ཅིང་། གྲོས་མོལ་དེ་དག་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་བཙོན་པ་སྟོང་ཕྲག་འགའ་ཤས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། འབྱུང་འགྱུར་གྱི་ཉིན་གྲངས་འགའ་ཤས་ནང་དམག་མཚམས་འཇོག་རྒྱུ་ཁག་པོ་ཡིན་འདུག ཨུ་རུ་སུ་ཡིས་གལ་སྲིད་དམག་འཁྲུག་མཚམས་འཇོག་དགོས་ན། ཡུག་རེན་རྒྱལ་ཁབ་བྱང་ཆིངས་སྒྲིག་འཛུགས་དང་ཨུ་རུ་སུ་གཉིས་བར་དུ་བར་གནས་རྒྱལ་ཁབ་བྱེད་དགོས་པ་དང་། ཡུག་རེན་གྱི་ངོས་ནས་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་རྒྱུའི་མངོན་འདོད་དོར་དགོས་པ་སོགས་ཀྱི་ཆ་རྐྱེན་འདོན་གྱི་ཡོད་འདུག་པས། དེ་དག་ཡུག་རེན་གྱིས་སྒྲུབ་ཐུབ་རྒྱུར་ཧ་ཅང་ཁག་པོ་ཡིན་འདུག་པར་བརྟེན། ཕྱོགས་གཉིས་ཀྱི་དམག་འཁྲུག་དེ་མཚམས་འཇོག་ཡོང་རྒྱུ་ཁག་པོ་ཡིན་འདུག 

ཁ་སང་མཚན་མོར་བསྐྱར་དུ་ཨུ་རུ་སུས་ཡུག་རེན་གྱི་ས་ཐོག་ཏུ་གཏོར་རྒོལ་ཚབས་ཆེན་པོ་བྱས་ཡོད་འདུག་ཅིང་། གཏོར་རྒོལ་དེ་དག་གི་ཁྲོད་ཁྱོན་མི་༢༥ བསད་ཡོད་འདུག་ལ། མི་༥༠ ཙམ་རྨས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།