ཊོམ་དང་ཀིམ་ཇོང་ཨུན་གྱི་ཐུག་འཕྲད་ཐད་སེམས་འཚབ་ཆེ་ཤོས་ཞི་ཅིན་ཕིང་ལ་ཡོད་རེད་ཟེར།
ཌོ་ནལ་ཊོམ་བྱང་ཀོ་རི་ཡར་འགྲོ་འཆར་གྱི་གསར་འགྱུར་ལ་སེམས་འཚབ་ཆེ་ཤོས་སྐྱེ་མཁན་ནི་སྲིད་འཛིན་ཞི་ཅིན་ཕིང་དང་། པེ་ཅིང་གི་དཔོན་རིགས་རྣམས་རེད་ཅེས་ཉི་ཧོང་གི་དབྱིན་ཡིག་གསར་ཤོག་དཔལ་འབྱོར་དུས་བབ་ཀྱི་ཨེ་ཤི་ཡའི་གསར་གནས་ཀྱི་རྩོམ་སྒྲིག་པ་ཇཱ་མིལ་ཨེན་ཌེར་ལིས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༥ པའི་མཇུག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་དང་མཇལ་འཕྲད་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག་ཅིང་། དེ་ནི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་ཐོག་ཟླ་ངོ་མང་པོའི་རིང་ཕན་ཚུན་ལ་ཡང་ཡང་དུ་དམག་གི་འཇིགས་སྐུལ་དང་། ཚིག་མཚོན་འདེབས་རེས་བྱས་མཐར་ཕྱོགས་གཉིས་བར་གྱི་ཛ་དྲག་གི་གནས་ཚུལ་ལ་འཕེལ་རྒྱས་ཤུགས་ཆེན་པོ་འགྲོ་རྒྱུའི་འགོ་བརྩམས་པ་ཞིག་ཡིན་སྐོར་འདུག་ཅིང་། དེར་རྒྱ་ནག་གཞུང་གིས་དགའ་བསུ་ཡོད་སྐོར་བརྗོད་ཡོད་འདུག
ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་བྱ་རྒྱུའི་གནས་ཚུལ་འདི་ནི། ལྷོ་ཀོ་རི་ཡའི་ལས་བྱེེད་ཁག་ཅིག་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་དང་གཏམ་གླེང་བྱས་རྗེས་བསྒྲགས་པ་ཞིག་ཡིན་འདུག་ཅིང་། ཁོང་ཚོས་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་གྱིས་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ངག་ཐོག་ནས་བརྗོད་ཀྱི་ཡོད་པའི་ལན་བསྐྱལ་ཡོད་འདུག
གནད་དོན་འདི་དང་འབྲེལ་ནས་ཉི་ཧོང་གི་དཔལ་འབྱོར་དུས་བབ་གསར་ཁང་གི་ཨེ་ཤི་ཡའི་གསར་གནས་ཀྱི་རྩོམ་སྒྲིག་པ་ཇཱ་མིལ་ཨེན་ཌེར་ལི་ནི་(Jamil Anderlini)ཡིས་“ཌོ་ནལ་ཊོམ་གྱིས་ཀིམ་ཇོང་ཨུན་དང་ལོ་རྒྱུས་རང་བཞིན་ཅན་གྱི་ཐུག་འཕྲད་བྱ་རྒྱུའི་སྟ་གོན་བྱས་ནས། ནིཀ་སོན་རྒྱ་ནག་ཏུ་བསྐྱོད་པའི་དུས་སྐབས་ལྟ་བུ་ཞིག་འབྱུང་རྒྱུར་འབད་བརྩོན་གྱིས་ཕན་ཚུན་དགྲ་བོ་རུ་དམ་བཅས་པའི་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་བསྐྱར་གསོའི་ཐོག་རྒྱལ་སྤྱིའི་ཆབ་སྲིད་ལ་འཕོ་འགྱུར་འགྲོ་སྲིད་པ་ཞིག་རེད། ཕྱི་ལོ་༡༩༧༢ ལོར་ཨ་རིའི་སྲིད་འཛིན་སྐབས་༣༧ པ་རཱི་ཅར་ཌི་ནིཀ་སོན་(Richard Nixon)གྱིས་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་དང་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་(Soviet Union)ལ་ཁ་གཏད་གཅོག་ཆེད་ཁོ་ནའི་ཕྱིར་དུ་ཡིན་པ་བཞིན། ད་ལྟའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀིམ་ཇོང་ཨུན་དང་ཐུག་འཕྲད་བྱ་འཆར་འདིའི་དམིགས་འབེན་ངོ་མ་ནི་རྒྱ་ནག་གཅིག་པུ་རེད།”ཅེས་བརྗོད་འདུག
དེ་བཞིན་ཁོང་གིས་“ཌོ་ནལ་ཊོམ་བྱང་ཀོ་རི་ཡར་འགྲོ་འཆར་གྱི་གསར་འགྱུར་ལ་སེམས་འཚབ་ཆེ་ཤོས་སྐྱེ་མཁན་ནི་སྲིད་འཛིན་ཞི་ཅིན་ཕིང་དང་པེ་ཅིང་གི་དཔོན་རིགས་རྣམས་རེད་”ཅེས་དང་། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཕྱིར་འཐེན་བྱ་རྒྱུའི་ཐོག་དོན་དངོས་སུ་ཞི་ཅིན་ཕིང་གིས་ཧ་ལམ་ལས་ཀ་གཏན་ནས་བྱས་མེད་ཀྱང་ད་བར་བྱས་ཁུལ་བཟུང་ཡོད་སྐོར་དང་། འབྱུང་ལ་ཉེ་བའི་ཨ་བྱང་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་གསར་འགྱུར་ལ་རྒྱ་ནག་གཞུང་གིས་སྤྱང་གྲུང་དོད་པའི་སྒོ་ནས་ཡོངས་གྲགས་ཐོག་དགའ་བསུ་ཞུ་ངེས་ཀྱང་། དོན་དངོས་སུ་ཀོ་རི་ཡའི་རྒྱལ་ཁབ་གཉིས་ཟླ་སྒྲིལ་ཐོག་ཨ་རིའི་ཕྱོགས་སུ་བསྐྱོད་རྒྱུའི་གོ་སྐབས་དེ་མེད་པ་བཟོ་ཐབས་སུ་གང་ནུས་ཅི་ཐུབ་བྱ་ངེས་པ་ཡིན་སྐོར་སོགས་བརྗོད་འདུག
དེ་ཡང་ཉེ་ཆར་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་བརྒྱུད་ཨ་རིིའི་སྲིད་འཛིན་ལ་འཕྲིན་ཡིག་ཅིག་བསྐུར་ནས་བྱང་ཀོ་རི་ཡར་ཕེབས་རྒྱུའི་མགྲོན་འབོད་བྱས་ཡོད་སྟབས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་མགྲོན་འབོད་དེར་དང་ལེན་བྱས་ཡོད་པ་ཡིན་འདུག་ཀྱང་། ལྷོ་ཀོ་རི་ཡར་འཚོགས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་ཏུ་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཀི་པེན་སེ་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇོང་གཉིས་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་མིན་ལ་མ་ལྟོས་པར་ཐུག་འཕྲད་བྱེད་ལ་ཉེ་དུས་བྱང་ཀོ་རི་ཡས་ཕྱིར་འཐེན་བྱས་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
