ཊོམ་དང་ཀེམ་གཉིས་བར་གྲོས་མཐུན་གང་ཡང་བྱུང་མི་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་གྱི་ལྷན་ཚོགས་ཐེངས་གཉིས་པ་དེར། བྱང་ཀོ་རི་ཡའི་རྡུལ་མཚོན་རྩ་མེད་ཀྱི་གྲོས་མོལ་ཐད་མོས་མཐུན་གང་ཡང་བྱུང་ཐུབ་མི་འདུག་ཀྱང་། སྲིད་འཛིན་ཊོམ་གྱིས་མོས་མཐུན་བྱུང་མིན་ལ་མ་ལྟོས་པར། ལྷན་ཚོགས་དེ་ཡག་པོ་བྱུང་ཡོད་པ་དང་མ་འོངས་པར་ཕྱོགས་གཉིས་བར་གྲུབ་འབྲས་ཐོན་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག
ཟླ་༢ པའི་ཚེས་༢༧ ནས་༢༨ བར་ཝི་ཏི་ནམ་གྱི་རྒྱལ་ས་ཧ་ནོའི་ནང་དུ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་དང་ཕྱོགས་གཉིས་ཀྱི་སྐུ་ཚབ་བར་ལྷན་ཚོགས་ཐེངས་གཉིས་པ་དེ་འཚོགས་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ལྷན་ཚོགས་གཉིས་པ་དེར་ལྟ་ཕྱོགས་དང་རེ་བ། དོ་སྣང་ཆེན་པོ་བྱས་ཡོད་པ་རེད་དེ། ཕྱོགས་གཉིས་བར་བྱང་ཀོ་རི་ཡའི་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་གྲོས་མོལ་ཐད་མོས་མཐུན་གང་ཡང་བྱུང་མེད་འདུག
སྲིད་འཛིན་ཊོམ་གྱིས་ཟླ་༢ པའི་ཚེས་༢༨ ཉིན་རྒྱབ་ཏུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་། ཁོང་གིས་ཐེངས་འདིའི་ལྷན་ཚོགས་འདི་ལ། ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་སྐད་ཆ་མང་པོ་བྱུང་བ་དང་། མཐའ་མ་དེར་གནད་དོན་གལ་ཆེན་ཁག་ཅིག་ཐོག་ལ་གྲོས་མཐུན་བྱུང་མེད་ཀྱང་། མ་འོངས་པར་གྲུབ་འབྲས་ཐོན་རྒྱུའི་རེ་བ་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།
ཁོང་གིས་བརྗོད་དོན་ལྟར་ན། ཨ་རིས་བྱང་ཀོ་རི་ཡའི་རྡུལ་མཚོན་ས་ཚིགས་གལ་ཆེན་ཁག་ཅིག་རྩ་མེད་གཏོང་བར་གྲོས་འདོན་བྱས་ཀྱང་། བྱང་ཀོ་རི་ཡས་ས་ཚིགས་གཞན་ཞིག་རྩ་མེད་གཏོང་རྒྱུའི་འདོད་པ་བྱེད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་བྱང་ཀོ་རི་ཡའི་ཐོག་ལ་ཡོད་པའི་དཔལ་འབྱོར་ཉེས་ཆད་ཚང་མ་ཕྱིར་འཐེན་ཡོང་རྒྱུའི་གྲོས་འདོན་བྱས་ཡོད་ཀྱང་། ཨ་རིས་ད་ལྟའི་ཆར་དེ་ལྟར་བྱེད་རྒྱུ་མོས་མཐུན་མ་བྱས་སྟབས། ཕྱོགས་གཉིས་བར་གྲོས་མཐུན་ཡོང་ཐུབ་མེད་འདུག སྲིད་འཛིན་ཁོང་གིས་ཕྱོགས་གཉིས་བར་ཐེངས་འདིར་གྲོས་མཐུན་མ་བྱུང་ཡང་། འགོ་ཁྲིད་གཉིས་བར་མཐའ་མ་དེར་མཛའ་མཐུན་གྱི་སྐད་ཆ་དང་ལག་པ་བཏང་རེས་བྱས་སྐོར་དང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་ལོ་སྔོན་མའི་ལྷན་ཚོགས་ཐེངས་དང་པོའི་རྗེས་ནས། རྡུལ་མཚོན་དང་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་མེད་པ་ལྟར། མ་འོངས་པར་མུ་མཐུད་ནས་ཚོད་ལྟ་དེ་རིགས་མི་བྱེད་པའི་ཁས་ལེན་བྱས་སྐོར་བརྗོད་སོང་།
གསར་འགོད་པ་ཞིག་གིས་མ་འོངས་པར་ཕྱོགས་གཉིས་ཀྱི་ལྷན་ཚོགས་ཐེངས་གསུམ་པ་ཞིག་ཡོང་སྲིད་མིན་སྐོར་དྲིས་སྐབས། སྲིད་འཛིན་ཊོམ་གྱིས་དེའི་སྐོར་ངེས་གཏན་གྱིས་བཤད་རྒྱུ་ཁག་པོ་ཡིན་པ་དང་། ཅིག་བྱས་ན་མགྱོགས་པོ་བྱུང་སྲིད་པ་དང་། ཅིག་བྱས་ན་ལྷན་ཚོགས་གསར་པ་ཞིག་བྱུང་བར་དུས་ཚོད་རིང་པོ་འགོར་སྲིད་སྐོར་བརྗོད་སོང་།
དེ་བཞིན་ཁོང་གིས་ད་ལྟའི་ཆར་བྱང་ཀོ་རི་ཡའི་ཐོག་ཏུ་ཡོད་པའི་དཔལ་འབྱོར་ཉེས་ཆད་ཚང་མ་མུ་མཐུད་གནས་རྒྱུ་ཡིན་པ་དང་། གལ་ཏེ་ཕྱོགས་གཉིས་བར་གྱི་གྲོས་མོལ་ལམ་ལྷོང་བྱུང་ཚེ། ཉེས་ཆད་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཡིན། དེ་ལྟར་བྱུང་ཚེ་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་བྱུང་རྒྱུ་ཡིན་ཁར། རྒྱལ་ཁབ་དེའི་ས་ཆ་ཆགས་སྟངས་ལ་གཞིགས་ན། མ་འོངས་པར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་མཐོང་གི་ཡོད་སྐོར་བརྗོད་སོང་།
ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་བའི་རྗེས་སུ། བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་འཐབ་རྒོལ་དྲག་པོ་བྱེད་ཆེད། དཔལ་འབྱོར་ཉེས་ཆད་གསར་པ་བཟོས་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་ཚོང་རོགས་ཆེ་ཤོས་རྒྱ་ནག་བརྒྱུད་ནས་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་པ་རེད། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་སྡིགས་བསྐུལ་བྱེད་རེས་སོགས་བྱས་ཏེ། རྡུལ་མཚོན་གྱི་དམག་འཁྲུག་འབྱུང་སྲིད་པའི་ཁོར་ཡུག་དང་རྣམ་པ་ཞིག་བསྐྲུན་ཡོད་པ་རེད་དེ། རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ལྷོ་ཀོ་རི་ཡ་དང་འབྲེལ་མ་བཟང་དུ་བཏང་ནས། རྗེས་སུ་ཨ་རིའི་སྲིད་འཛིན་ཊོམ་དང་འབྲེལ་ལམ་བྱེད་འགོ་བཙུགས་ནས། ལོ་སྔོན་མར་ཕྱོགས་གཉིས་བར་ལོ་རྒྱུས་རང་བཞིན་ལྡན་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་ཐུབ་ཡོད་པ་རེད།
དཔྱད་བརྗོད་པ་ཁག་ཅིག་གིས་བྱང་ཀོ་རི་ཡས་ལོ་མང་དཀའ་ལས་བརྒྱབ་ནས་བཟོ་སྐྲུན་བྱས་པའི་རྡུལ་མཚོན་རྣམས་རྩ་མེད་བཟོ་རྒྱུ་ཁག་པོ་ཡིན་ཁར། ཨ་རིའི་ངོས་ནས་བྱང་ཀོ་རི་ཡ་ཕྱོགས་ནས་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་པ་དེ་ནི་དམིགས་ཡུལ་ཆེ་དྲག་པ་ཡིན་པ་དང་། རྒྱལ་སྤྱིའི་ནང་རྒྱལ་ཁབ་གཅིག་ལ་རྡུལ་མཚོན་ཡོད་ཚེ། དེ་ནི་མ་འོངས་པར་རྒྱལ་ཁབ་གཞན་གྱིས་དམག་མི་རྒྱག་པའི་སྔོན་འགོག་གི་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། ད་ལྟའི་བར་ཕྱོགས་གཉིས་བར་གྱི་ལྷན་ཚོགས་ཐེངས་གཉིས་ལ་གྲོས་མཐུན་གསལ་པོ་གང་ཡང་བྱུང་མེད་ཀྱང་། ཀོ་རི་ཡ་མཚོ་གླིང་ཁུལ་དུ་དམག་འཁྲུག་གི་ཉེན་ཚབས་ཡོད་པའི་རྣམ་པ་དེ་ཆུང་དུ་ཕྱིན་ཡོད་ཁར། ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།