ཊོམ་ལ་འོས་ཐོབ་རྗེས་འཁོན་འཛིན་གྱི་ནག་ཉེས་མང་དུ་ཕྱིན་པ།
ཨ་རིའི་ནང་གི་སྤྱི་མང་ཐོབ་ཐང་གི་ཚོགས་པ་ཞིག་གིས་སྐུ་ཞབས་ཌོ་ནལ་ཊོམ་ལ་སྲིད་འཛིན་འོས་ཐོབ་རྗེས། འཁོན་འཛིན་གྱི་ནག་ཉེས་༩༠༠ ལྷག་ངོས་འཛིན་བྱས་འདུག
དེ་ཡང་ཟླ་༡༡ པའི་ཚེ་༣༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ལྷོ་ཕྱོགས་དབུལ་ཕོངས་ཁྲིམས་ལུགས་ལྟེ་གནས་ཁང་གིས་སྲིད་འཛིན་འོས་ཐོབ་ཊོམ་ལ་མི་མང་ནང་བརྙས་བཅོས་ཀྱི་རིགས་དེ་དག་འབུར་བཅོམ་ཆེད་རྒོལ་ལན་དྲག་པོ་བྱེད་དགོས་པ་དང་། གནོད་འཚེ་ཕོག་ཡུལ་གྱི་མང་ཚོགས་ལ་འབྲེལ་བ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག
ཚོགས་པ་དེས་སྐུ་ཞབས་ཊོམ་ལ་སྲིད་འཛིན་འོས་ཐོབ་བྱུང་རྗེས་ཀྱི་སྙན་ཐོ་གཉིས་བཏོན་ཡོད་འདུག་པ་དང་། དེ་བཞིན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་རིགས་ལ་རྟོག་ཞིབ་བྱས་ཡོད་པ་རེད། དྲ་ཐོག་ཏུ་རང་ཉིད་ལ་མི་རིགས་དབྱེ་འབྱེད་ཀྱི་འཁོན་འཛིན་དང་འབྲེལ་བའི་གནས་ཚུལ་བྱུང་བ་ཐོ་འགོད་བྱེད་ཡུལ་གྱི་འགེངས་ཤོག་བཟོས་ཡོད་འདུག
ཚོགས་པ་དེའི་སྙན་ཐོ་དང་པོ་ཉིན་བཅུའི་རྗེས་ཞེས་པའི་ནང་། གྲང་ཉུང་མི་རིགས་ལ་དམིགས་འབེན་ཐོག་དྲག་པོ་དང་སྡིག་ར་སོགས་ཀྱི་གནས་ཚུལ་བརྒྱ་ལས་མང་བའི་གནས་ཚུལ་བཀདོ་ཡོད་འདུག་པ་དང་། དེ་དག་ནང་མི་རིགས་ནག་པོར་འགྲུལ་སྐྱེལ་རླངས་འཁོར་ནང་མཇུག་ཏུ་ཡོད་པའི་རྐུབ་སྟེགས་སྟེང་དུ་སྡོད་དགོས་སྐོར་བརྗོད་པའི་གནས་ཚུལ་མང་པོ་བཀོད་ཡོད་འདུག དེ་ནི་སྔར་ཨ་རིའི་ནང་མི་རིགས་དབྱེ་འབྱེད་ཤུགས་ཆེན་སྐབས་ཀྱི་ཁྲིམས་ལུགས་ཤིག་ཡིན་པ་རེད། དེ་བཞིན་གནས་སྤོ་བ་འཕོན་ཆེན་ཡོད་པའི་ཡི་ཤུའི་ལྷ་ཁང་གི་གྱང་རིས་ཐོག མི་རིགས་དཀར་པོ་གཅིག་པུ་དང་ཊོམ་གྱི་རྒྱལ་ཁབ་སོགས་ཀྱི་ཚིག་བྲིས་ཡོད་པའི་གནས་ཚུལ་ཡང་བཀོད་ཡོད་འདུག
སྙན་ཐོ་དེའི་ནང་འཁོན་འཛིན་གྱི་ནག་ཉེས་བྱུང་བའི་རྒྱུ་མཚན་དག་ལས། མང་ཤོས་ནི་གནས་སྤོ་བར་མི་དགའ་བ་དང་དེ་བཞིན་མི་རིགས་ནག་པོ་ལ་མི་དགའ་བའི་རྐྱེན་ཡིན་འདུག་པ་དང་། གནས་ཚུལ་དེའི་རིགས་འབྱུང་ཡུལ་མང་ཤོས་གཉིས་ནི་སྤྱི་མང་གི་ས་ཆ་དང་གཞི་རིམ་གོང་འོག་གི་སློབ་གྲྭ་ཁག་ནང་ཡིན་འདུག
དེ་བཞིན་ཚོགས་པ་དེའི་སྙན་ཐོ་གཉིས་པ་འོས་བསྡུའི་རྗེས་ཊོམ་གྱི་ཤུགས་རྐྱེན་ཞེས་པའི་ནང་། ཤེས་ཡོན་ཐོག་ལ་ལས་ཀ་བྱེད་མཁན་མི་གྲངས་ཁྲི་གཅིག་ལ་དཔྱད་ཞིབ་བྱས་འདུག་པ་དང་། དེ་ལས་བརྒྱ་ཆ་༩༠ ཡིས་རང་ཉིད་ཀྱི་སློབ་གྲྭའི་ནང་གི་ཁོར་ཡུག་སྡུག་ཏུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ཡོད་སྐོར་བརྗོད་ཡོད་འདུག
ཨ་རིའི་དགེ་རྒན་མཐུན་ཚོགས་པའི་ཚོགས་གཙོས་ཨ་རིའི་སྲིད་འཛིན་འོས་ཐོབ་སྐུ་ཞབས་ཊོམ་གྱིས་ཁོང་གི་མིང་ཐོག་ནས་བྱས་པའི་འཁོན་འཛིན་གྱི་བྱ་སྤྱོད་དེ་དག་ལ། ནུས་པ་ལྡན་པ་དང་ཐེ་ཚོམ་མེད་པའི་ཐོག་ནས་སྐྱོན་བརྗོད་བྱེད་རྒྱུའི་དུས་ལ་བབ་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་དགེ་རྒན་བཞི་ཆ་གཅིག་ལས་མང་བས་སློབ་གྲྭའི་ནང་དུ་རང་ལུགས་ཞེན་འཛིན་དང་། གཞན་ལ་བརྙས་བཅོས། རྒྱག་རེས་དང་སྡིགས་ར་སོགས་ཀྱི་གནས་ཚུལ་དངོས་མཐོང་བྱུང་ཡོད་འདུག
བདུན་ཕྲག་སྔོན་མར་སྐུ་ཞབས་ཊོམ་གྱིས་ཁོང་གི་རྒྱལ་ཁར་ཚོགས་སྡེ་ཞིག་གིས་ནཱ་ཛེའི་གུས་འདུད་ཐོག་ནས་དགའ་བསུ་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
