ཐའེ་ཝན་གྱི་སྲིད་འཛིན་གཟིགས་སྐོར་ཕྱིར་འགྱངས་བྱེད་འཆར་དེ་ཨ་རིའི་ཊོམ་སྲིད་གཞུང་ལ་ཐུག་ཡོད་དམ།
ཐའེ་ཝན་གྱིས་རྒྱལ་ནང་དུ་རང་བྱུང་གི་གནོད་འཚེ་དང་། ཨ་རི་དང་མཉམ་དུ་སྒོ་ཁྲལ་གྲོས་མོལ་བྱེད་དགོས་པ་བཅས་ནང་སྲིད་ཀྱི་གནད་དོན་ལ་བརྟེན། སྲིད་འཛིན་གྱི་གཟིགས་སྐོར་གནང་རྒྱུའི་འཆར་གཞི་ཕྱིར་འགྱངས་གནང་རྒྱུ་ཡིན་པར་བརྗོད་ཀྱང་། འགའ་ཤས་ཀྱིས་ཐའེ་ཝན་གྱི་སྲིད་འཛིན་གྱི་གཟིགས་སྐོར་ཕྱིར་འགྱངས་བྱེད་འཆར་དེ་ཨ་རིའི་ཊོམ་སྲིད་གཞུང་ལ་ཐུག་ཡོད་པ་རྗོད་བཞིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣༠ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་འགའ་ཤས་ཀྱི་རིང་། ལཱ་ཏིན་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་དང་འབྲེལ་བ་འཛུགས་ཆེད། ཐའེ་ཝན་དང་ཕྱི་འབྲེལ་བཅད་ཡོད་པར་བརྟེན། ཐའེ་ཝན་དང་ཕྱི་འབྲེལ་མུ་མཐུད་ཡོད་མཁན་རྒྱལ་ཁབ་ཚོ་དང་འབྲེལ་བ་སྲ་བརྟན་བཟོ་ཆེད། ཟླ་བ་རྗེས་མའི་ནང་། ཐའེ་ཝན་གྱི་སྲིད་འཛིན་ཨ་རི་བརྒྱུད་ལཱ་ཏིན་ཨ་མེ་རི་ཀ་ལ་གཟིགས་སྐོར་འགྲོ་འཆར་ཡོད་ན་ཡང་། འཆར་གཞི་དེ་ད་ཆར་ཕྱིར་འགྱངས་བྱས་ཡོད་འདུག
ཨ་རིའི་ཊོམ་སྲིད་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་ཨ་རིའི་ནིའུ་ཡོག་བརྒྱུད་ལཱ་ཏིན་ཨ་མེ་རི་ཀ་ལ་འཚམས་གཟིགས་འགྲོ་འཆར་ལ་དགག་བྱ་བྱས་པའི་རྗེས། ཐའེ་ཝན་གཞུང་གིས་རང་བྱུང་གནོད་འཚེ་དང་། ཨ་རི་དང་མཉམ་དུ་སྒོ་ཁྲལ་གྲོས་མོལ་བྱེད་དགོས་པ་སོགས། ནང་སྲིད་ཀྱི་གནད་དོན་ལ་བརྟེན། སྲིད་འཛིན་ཁོང་ཕྱི་རྒྱལ་དུ་འཚམས་གཟིགས་ཕེབས་འཆར་གང་ཡང་མེད་ཅེས་བརྗོད་འདུག
ཡིན་ཡང་། གྲོས་མོལ་གྱི་གནས་ཚུལ་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གིས་ཨེ་པི་༼AP༽ གསར་ཁང་ལ། ཨ་རིའི་གཞུང་གིས་ཐའེ་ཝན་ལ་ནིའུ་ཡོག་བརྒྱུད་འཚམས་གཟིགས་ཕེབས་འཆར་དེ་བསྐྱར་དུ་བཀོད་སྒྲིག་བྱེད་དགོས་པ་དང་། ནིའུ་ཡོག་བརྒྱུད་མི་ཕེབས་པའི་རེ་བ་བཏོན་ཡོད་ཅེས་བརྗོད་འདུག དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་འཚམས་གཟིགས་དེའི་ཐད་ཨ་རི་ལ་ངོ་རྒོལ་བྱས་རྗེས། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་མཆོག་ནིའུ་ཡོག་བརྒྱུད་འགྲོ་རྒྱུ་ལ་ཆོག་མཆན་སྤྲད་མེད་པར་བརྗོད་འདུག
གྲོས་མོལ་གྱི་གནས་ཚུལ་རྒྱུས་མངའ་ཡོད་མཁན་གཞན་ཞིག་གིས། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཚོང་དོན་གྲོས་མཐུན་ཞིག་འཇོག་རྒྱུར་ཧ་ཅང་བྲེལ་འཚུབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཚོང་དོན་གྲོས་མཐུན་དེ་འགྲུབ་པའི་ཆེད། རྒྱ་ནག་གི་སྲིད་འཛིན་དང་ངེས་པར་དུ་ཐུག་འཕྲད་བྱེད་དགོས་པའི་འདུན་པ་ཡོད་པ་དེ་རྒྱ་གཞུང་གིས་ཤེས་ནས། ཁོང་ལ་ཐའེ་ཝན་གྱི་སྲིད་འཛིན་ཨ་རི་བརྒྱུད་འཚམས་གཟིགས་སུ་ཕེམས་མི་འཇུག་རྒྱུའི་རེ་སྐུལ་ཞུས་ཡོད་པའི་ཚོད་དཔག་བྱས་ཡོད་འདུག
གསར་འགོད་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Tammy Bruce ལ་ཐའེ་ཝན་སྲིད་འཛིན་གྱི་འཚམས་གཟིགས་ཕྱིར་འཐེན་སྐོར་ལ་དྲི་བ་དྲིས་པར། ཁོང་གིས་ཐའེ་ཝན་གྱི་སྲིད་འཛིན་ལ་འཚམས་གཟིགས་ཀྱི་འཆར་གཞི་གང་ཡང་མེད། དེར་བརྟེན་གང་ཡང་ཕྱིར་འཐེན་བྱས་མེད་པ་དང་། གནད་དོན་དེ་ནི་ཚོད་དཔག་གི་རང་བཞིན་ཞིག་རེད་ཅེས་དང་། ཐའེ་ཝན་གྱི་དཔོན་རིགས་མཐོ་གྲས་ཚོས་ཨ་རི་བརྒྱུད་འཚམས་གཟིགས་ཕེབས་པ་ནི། ཨ་རིས་ཡུན་རིང་ནས་བཟུང་ཡོད་པའི་སྲིད་ཇུས་དང་ལག་ལེན་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་ནན་བརྗོད་བྱས་ཡོད་འདུག
ཧ་ཌི་སོན་༼Hudson༽ གཙུག་ལག་ཁང་གི་མཁས་དབང་དང་། ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཇེ་སོན་ ཤུས་༼Jason Hsu༽ ཀྱིས། ཐའེ་ཝན་གྱིས་རྒྱུན་དུ་ཨ་རི་དང་ལྷན་དུ་ཨ་རིའི་བརྒྱུད་ནས་འཚམས་གཟིགས་ཕེབས་ཕྱོགས་སྐོར་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། ཐའེ་ཝན་འབྲེལ་ལམ་གྱི་བཅའ་ཁྲིམས་༼Taiwan Relations Act༽ ཞེས་པའི་འོག ཨ་རི་བརྒྱུད་འཚམས་གཟིགས་ཕེབས་རྒྱུའི་ཆོག་མཆན་ཡོད་བཞིན་དུ། ཨ་རིས་མོས་མཐུན་མ་བྱས་པ་ནི་རྒྱུན་ལྡན་མིན་པ་ཞིག་རེད་ཅེས་དང་། གལ་ཏེ་ཨ་རིའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཐའེ་ཝན་གྱི་སྲིད་འཛིན་ཨ་རི་བརྒྱུད་ཕེབས་རྒྱུ་ལ་བཀག་འགོག་བྱས་ཡོད་ཚེ། ཊོམ་སྲིད་གཞུང་གིས་ཕྱི་ལོགས་སུ་ཨ་རི་ནི་རྒྱ་ནག་གི་འདོད་པ་སྐོང་མཁན་དང་། ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པའི་རང་གི་སྲིད་ཇུས་ལས་གོམ་པ་ཕྱིར་འཐེན་བྱེད་བཞིན་པའི་བརྡ་ཞིག་སྟོན་རྒྱུ་རེད་ཅེས་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།