ཐའེ་ཝན་དང་བལ་ཡུལ་ལ་ས་ཡོམ་བརྒྱབ་པ།

ཟླ་འདིའི་ཚེས་༦ ཉིན་ཐའེ་ཝན་གྱི་ལྷོ་ཕྱོགས་ཐའེ་ནན་ས་ཁུལ་ལ་ས་ཡོམ་ཚད་རིམ་༦.༤ དང་། ཚེས་༥ ཉིན་བལ་ཡུལ་གྱི་རྒྱལ་ས་དང་བོད་པ་མང་པོ་རྟེན་གཞི་བྱེད་སའི་ཡུ་སྐོར་སྤྲོ་འཆམ་གྱི་ས་གནས་སྤོག་རྭར་ས་ཡོམ་ཚད་རིམ་༥.༥ ཅན་ཞིག་བརྒྱབ་འདུག

1265049བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་ས་ཡོམ་ཁྲོད་ཁང་པ་ཐོག་བརྩེགས་༡༧ བྱས་པ་ཞིག་འཐོར་ཞུགས་སོང་ནས། ད་ལྟའི་ཆར་མི་༥ ཡི་ཚེ་སྲོག་ཤོར་བ་དང་ཉུང་མཐར་མི་༡༥༥ ལ་རྨས་སྐྱོན་ཕོག་ཡོད་འདུག གཏོར་བཤིག་རྒྱ་ཆེན་པོ་བྱུང་མེད་ཀྱང། ཁང་པ་ཐོག་བརྩེགས་ཅན་མང་པོ་དཀྱོག་ནས་ལྷག་ཡོད་འདུག

ད་ལྟའི་ཆར་ཉེན་སྐྱོབ་རུ་ཁག་གིས་ཐོར་ཞུགས་སོང་བའི་ཁང་བརྩེགས་ཀྱི་རྡོ་ཧྲུག་ལས། འཁར་ཡོད་པའི་མི་༢༢༠ ཙམ་བསྐྱབས་ཡོད་པ་དང། ལས་འགུལ་དེ་མུ་མཐུད་འགྲོ་བཞིན་ཡོད་འདུག

དེ་བཞིན་བལ་ཡུལ་དུ་ས་ཡོམ་བརྒྱབ་ཏེ། མི་༡༥ ལ་རྨས་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་འདུག

ཉེ་བའི་ཆར་རང་བྱུང་གནོད་འཚེའི་ཆེད་ལས་པས། མི་རིང་བར་ཧི་མ་ལ་ཡའི་ཁུལ་དུ་ས་ཡོམ་རིམ་ཚད་༨.༢ ལས་ཆེ་བ་བརྒྱབ་རྒྱུ་ཡིན་པར་ཚོད་དཔག་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༥ ལོའི་ཟླ་༤ པའི་ཚེས་༢༥ ཉིན་བལ་ཡུལ་དུ་ས་ཡོམ་ཚད་རིམ་༧.༨ ཅན་ཞིག་བརྒྱབས་ཏེ། མི་༨༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང། ཕྱི་ལོ་༡༩༩༩ ལོར་ཐའེ་ཝན་ལ་ས་ཡོམ་ཚད་རིམ་༧.༦ ཅན་ཞིག་བརྒྱབ་ཏེ་མི་༢༣༠༠ ཡི་ཚེ་སྲོག་ཤོར་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།