དགེ་འདུན་པ་མཛེས་དགའ་རྒྱ་མཚོ་གློད་བཀྲོལ་ཐོབ་ཀྱང་དམ་དྲག་འོག་ཡོད་འདུག

མདོ་སྨད་མཚོ་ལྷོ་འབའ་རྫོང་ནས་ཡིན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ཁོང་འདས་པའི་ཟླ་བ་དྲུག་རིང་བཙོན་འཇུག་དང་བཀག་ཉར་འདྲི་གཅོད་བྱས་རྗེས་ཉེ་ཆར་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཡིན་པ་དང་། འགྲོ་འདུག་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༢ ཉིན་རྡ་ས་ཁུལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༧ པའི་ནང་མཚོ་ལྷོ་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ཁོང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་ཟླ་བ་དྲུག་རིང་བཀག་ཉར་དང་འདྲི་གཅོད་བྱས་རྗེས་ཉེ་ཆར་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་པོ་བདེ་ཐང་མེད་པ་བརྗོད་ཀྱི་འདུག དེ་ཡང་ཁོང་གི་ལུས་པོའི་ཚིགས་ཡོངས་རྫོགས་ན་བ་དང་པུས་མོ། མིག་བཅས་མི་བདེ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་བརྗོད་འདུག ཁོང་ད་ལྟ་རང་ལོ་༤༨ ཡིན་ཞིང་། ཕ་བསོད་ནམས་དང་མ་བཀྲ་ཤིས་གཉིས་ཀྱི་བུ་ཕྲུག་དྲུག་ལས་རྒན་ཤོས་དེ་ཡིན་འདུག ཕྱི་ལོ་༢༠༠༢ ལོར་ཁོང་རྒྱ་གར་དུ་ཕེབས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་སེར་བྱེས་གྲྭ་ཚང་དུ་ལོ་གཅིག་ཙམ་རིང་སློབ་གཉེར་གནང་ཡོད་འདུག་ཅིང་། དེའི་རྗེས་ཕྱི་ལོ་༢༠༠༣ ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་སྦྱོང་གནང་མྱོང་ཡོད་འདུག ཁོང་འཛིན་བཟུང་མ་བྱས་གོང་གཙང་དགོན་པའི་སློབ་གྲྭ་ལྔ་རིག་ལེགས་བཤད་གླིང་གི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག
ཁོང་ད་ཆ་གློད་བཀྲོལ་བཏང་ཡོད་ནའང་ཁོང་གི་འགྲོ་འདུག་གི་རང་དབང་ལ་རྒྱ་ནག་གཞུང་གིས་ད་དུང་དམ་དྲག་དང་ལྟ་རྟོག་བྱེད་ཀྱི་ཡོད་པ་བརྗོད་འདུག ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ནང་དུ་འབྱོར་རྗེས་སླར་ཡང་ཟི་ལིང་དུ་སྐད་བཏང་ནས་རྒྱ་གཞུང་གི་སྒྲིག་ཁྲིམས་དང་མཐུན་པའི་བསམ་བློའི་སློབ་གསོ་བརྒྱབ་ཡོད་འདུག
སྤྱིར་བཏང་ཁོང་ཕྱི་ལོ་༢༠༢༥ ཟླ་༧ པའི་ནང་ཟི་ལིང་དུ་སྨན་པར་བསྟེན་གཏུག་བྱེད་དུ་ཕྱིན་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཕྱི་ལོ་༢༠༠༨ ལོར་ཁོང་གི་མ་སྤུན་མཁས་གྲུབ་རྒྱ་མཚོ་འཛིན་བཟུང་བྱས་པ་ནས་བཟུང་། དགེ་འདུན་པ་མཛེས་དགའ་རྒྱ་མཚོ་གཙོ་བོར་གྱུར་བའི་སྤུན་མཆེད་དང་འབྲེལ་ཡོད་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ལྟ་རྟོག་དང་དོགས་ཟོན་བྱ་ཡུལ་དུ་བཅུག་སྟེ། ཕྱི་ཕྱོགས་སུ་འབྲེལ་ལམ་ཡོད་སྐོར་བརྗོད་ནས་འདྲི་རྩད་དང་ཉེན་བརྡ་གཏོང་བ་སོགས་ཀྱི་སུན་གཙེར་ཐེངས་མང་བཟོས་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
