དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་དང་བོད་ཡིག་རྩེ་ཕུད་ལེན་མཁན་སློབ་མ་རྣམས་ལ་བྱ་དགའ་གནང་སོང་།

རྡ་སའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་འགུལ་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༩ ཚེས་༡༨ ཉིན་དྷ་ས་གནས་འགོ་འཛིན་ཚོགས་ཁང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དྷ་སའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་དང་། དམིགས་བསལ་སྐུ་མགྲོན་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་གཉིས་ཕེབས་འདུག སྐབས་དེ་དུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ཡིག་རྒྱུགས་རྩེ་ཕུད་ལེན་མཁན་སློབ་མ་༡༧ ལ་ཁྱོན་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་དང་རེ་རེ་བཞིན་ཕྱག་འཁྱེར་ཡང་གནང་སོང་།

མཛད་སྒོ་དང་འབྲེལ་བའི་བསྒྲགས་གཏམ་ནང་དེ་རིང་དབུ་མའི་ལམ་ཉིན་མོ་སྲུང་བརྩི་ཞུ་དགོས་དོན་ནི། ཕྱི་ལོ་༡༩༩༧ ཟླ་བ་༩ ཚེས་༡༨ ཉིན་བོད་མིའི་སྤྱི་འཐུས་ལྷན་ཚོགས་ནས་དབུ་མའི་ལམ་དེ་གཏན་ལ་འབེབས་པའི་ཉིན་མོ་ཞིག་ཡིན་པས། དེ་རིང་གི་ཉིན་མོ་དེ་གལ་ཆེ་དོན་ཆེན་ལ་བརྩིས་ནས་སྲུང་བརྩི་ཞུ་དགོས་པའི་ཉིན་མོ་ཞིག་ཆགས་ཡོད་ཚུལ་དང་།
དེ་བཞིན་དབུ་མའི་ལམ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང་། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་དང་། བཙན་བྱོལ་བོད་གཞུང་མང་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན། དེ་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོས་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་རྗོད་ཀྱི་ཡོད་ཅེས་བྲིས་འདུག
དེ་རིང་མཛད་སྒོ་སྐབས་སུ་དམིགས་བསལ་སྐུ་མགྲོན་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་རྒན་པ་སངས་ཚེ་རིང་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་སྐོར་བཀའ་སློབ་དང་། སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་གྱིས་དབུ་མའི་ལམ་དང་འབྲེལ་ནས་བོད་པའི་གཞོན་སྐྱེས་ཚོས་ངོས་ནས་རྩ་དོན་ཆེད་དུ་ལས་འགུལ་སྤེལ་དགོས་པ་དང་། རང་འགན་རང་འཁུར་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་གསུངས་སོང་། མཐའ་མ་རྡ་དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་མི་ཁག་གཅིག་གིས་སྒོར་གཞས་འཁྲབ་ནས་མཛད་སྒོ་མཇུག་སྒྲིལ་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།