དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་གའི་སྐབས་སུ་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་ཚོ་གདན་འདྲེན་ཞུས་མེད།
ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཆབ་སྲིད་ཀྱི་འབྲེལ་བའི་དབང་གིས་ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་དྲུག་དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་གར་གདན་འདྲེན་ཞུ་མེད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༨ ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་གཉིས་པ་དགུང་གྲངས་༩༦ ཐོག་དགོངས་པ་རྫོགས་ཡོད་པ་དང་། ཟླ་འདིའི་ཚེས་༡༩ ཉིན་དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་ག་དེ་བྱས་ཡོད་པ་དང་། སྐབས་དེ་རྒྱལ་ཁབ་དང་ཚོགས་སྡེ་འདྲ་མིན་གྱི་འགོ་ཁྲིད་དང་གནད་ཡོད་མི་སྣ་ཁྱོན་བསྡོམས་ལྔ་བརྒྱ་ལྷག་གདན་འདྲེན་གྱིས་མཉམ་ཞུགས་བྱས་ཡོད་ཀྱང་། ཆབ་སྲིད་ཀྱི་འབྲེལ་བའི་དབང་གིས་ཨུ་རུ་སུ་དང་ཨབ་གྷ་ནི་སི་ཐན། བྷེ་ལ་རུ་སི་དང་འབར་མ། སི་རི་ཡ་དང་ཝེ་ནེ་ཛུ་ལ་བཅས་རྒྱལ་ཁབ་དྲུག་དབྱིན་ཇི་གཞུང་གིས་གདན་འདྲེན་ཞུས་མེད་པ་རེད་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ། དབྱིན་ཇི་ནི་ཡུག་རེན་ལ་གོ་མཚོན་གྱི་ཐོག་རོགས་རམ་བྱེད་མཁན་མང་ཤོས་གྲས་ཤིག་ཡིན་པ་དང་། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དང་བྷེ་ལ་རུ་སི་ཡིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་པར་བརྟེན། དབྱིན་ཇི་གཞུང་གིས་རྒྱལ་ཁབ་དེ་གཉིས་ལ་དཔལ་འབྱོར་གྱི་ཆད་པ་བཅད་ཡོད་པ་དང་། ཐེངས་འདི་དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་གར་རྒྱ་ཁབ་དེ་གཉིས་ཀྱི་དབུ་ཁྲིད་གདན་འདྲེན་ཞུས་མེད་པ་རེད་འདུག
ཕྱི་ལོ་༢༠༢༡ ལོར་ཏ་ལི་བྷན་གྱིས་ཨབ་གྷ་ནི་སི་ཐན་ལ་དབང་བསྒྱུར་བྱས་ཡོད་པ་དང་། དབྱིན་ཇི་གཞུང་གིས་ཏ་ལི་བྷན་ནི་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། ད་ལྟའི་ཆར་ཨབ་གྷ་ནི་སི་ཐན་དུ་དབྱིན་ཇིའི་གཞུང་ཚབ་ཁང་མེད་པ་བཅས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་པོ་མེད་པ་དང་།
དེ་བཞིན་ཕྱི་ལོ་༢༠༢༡ ལོར་འབར་མའི་དམག་གིས་འབར་མ་ལ་དབང་བསྒྱུར་བྱས་ཡོད་པ་དང་། སྐབས་དེར་རོ་ཧིན་རྒྱལ་གྱི་མི་མང་ཚོ་ལ་དྲག་གནོན་བྱས་པའི་དབང་གིས་ལོ་འདིའི་ལོ་འགོ་ལ་ཨ་རི་དང་དབྱིན་ཇི་གཞུང་གིས་འབར་མ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པ་དང་ལྷག་པར་དུ་འབར་མ་ནི་ཨུ་རུ་སུ་དང་འབྲེལ་བ་ཟབ་མོ་ཡོད་པའི་རྒྱུ་མཚན་གྱིས་འབར་མ་དང་དབྱིན་ཇི་བར་གྱི་འབྲེལ་བ་ཡང་ཡག་པོ་མེད་པ་དང་།
གཞན་ཡང་ཕྱི་ལོ་༢༠༡༡ ལོར་སི་རི་ཡའི་ནང་གི་དཀའ་རྙོག་དང་ཟིང་འཁྲུག་ལ་བརྟེན། དབྱིན་ཇི་གཞུང་གིས་སི་རི་ཡ་ལ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་འདུག་པ་བཅས་ཕྱོགས་ཕན་ཚུན་འབྲེལ་བ་བཟང་པོ་མེད་པའི་རྐྱེན་གྱིས་ཐེངས་འདི་དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་གར་རྒྱལ་ཁབ་དེ་དག་གི་དབུ་ཁྲིད་ཚོ་གདན་འདྲེན་ཞུ་མེད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་བྱང་ཀོ་རི་ཡ་དང་ཐེ་ཝན་སོགས་ཀྱི་གཞུང་ཚབ་ཁང་དང་མཉམ་པའི་གཞུང་འབྲེལ་མི་སྣ་གདན་འདྲེན་ཞུས་ཡོད་པ་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་གདན་འདྲེན་ཞུས་མེད་པ་དང་། ཐེངས་འདི་དབྱིན་ཇིའི་རྒྱལ་མོའི་ཕུང་འདོན་ཆོ་གའི་སྐབས་སུ་མི་མང་ཁྲི་དགུ་དང་བདུན་སྟོང་ཙམ་ཕེབས་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།