དམག་དཔོན་མཐོ་ཤོས་གཉིས་མེད་པ་བཟོས་པས་རྒྱ་ནག་གི་དམག་དཔུང་ཁྲོད་ནང་འཁྲུག་ཡོང་སྲིད་དམ།
ཉེ་ཆར་རྒྱ་ནག་གིས་དམག་དཔོན་མཐོ་ཤོས་གཉིས་ཀྱིས་སྒྲིག་ཁྲིམས་ཚབས་ཆེ་འགལ་ཡོད་ཚུལ་བརྗོད་ནས་ད་ཆར་འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དམག་དཔོན་དེ་གཉིས་གོ་གནས་ནས་ཕྱིར་འཕུད་བཏང་བ་དང་འབྲེལ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་བརྟན་ལྷིང་དང་། དམར་ཤོག་ཚོགས་པའི་གནས་སྟངས། རྒྱ་ནག་གི་དམག་སྡེའི་ཁྲོད་ནང་འཁྲུག་ཡོང་སྲིད་མིན་ཐད་དཔྱད་བརྗོད་བྱེད་མཁན་མང་པོ་ཞིག་ཡོང་བཞིན་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༧ ཉིན་(Fox News)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཉེ་ཆར་གཟའ་སྤེན་པ་ཉིན་རྒྱ་ནག་རྒྱལ་སྲུང་ཁང་གིས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ་(ZHANG YOUXIA)དང་དམག་སྤྱི་(LIU ZHENLI)གཉིས་ཀྱིས་ཁྲིམས་སྒྲིག་ཚབས་ཆེ་འགལ་ཡོད་པ་བརྗོད་ནས་གོ་གནས་ནས་གནས་དབྱུང་དང་། ད་ལྟ་ཞིབ་བཤེས་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། ཁྲིམས་སྒྲིག་ཚབས་ཆེ་འགལ་ཡོད་ཅེས་པ་དེ་དམག་སྤྱི་དེ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆའི་སྐོར་གྱི་གསང་བ་མང་པོ་ཞིག་ཨ་རི་ལ་སྤྲད་ཡོད་ཚུལ་བཤད་ཡོད་འདུག
རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པ་འགའ་ཤས་ཀྱིས་(Fox News)ལ་བརྗོད་དོན་ལ། སྤྱིར་བཏང་རྒྱ་ནག་ནང་ལ་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་བཤད་ཚོད་ཐིག་རྒྱུ་ཧ་ཅང་ཁག་པོ་ཞིག་ཡིན་ན་ཡང་། རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་དང་། རྒྱ་ནག་ནང་གི་དཔལ་འབྱོར་གྱི་གནས་སྟངས་དཀའ་ལས་ཁག་པོ་ཆགས་བཞིན་པའི་སྐབས། རྒྱ་ནག་གི་མཐའ་མཚམས་ཀྱི་ས་ཁུལ་འགའ་ཞིག་ནང་རྩོད་རྙོག་ཡོང་བཞིན་པའི་སྐབས་འདིར། ཞིས་ཅིན་ཕིང་གི་སྲིད་དབང་བརྟན་པོ་ཞིག་ཆགས་ཐུབ་ཀྱི་མེད་པ་དང་། དམར་ཤོག་ཚོགས་པའི་སྒྲོམ་གཞིའི་ནང་ཕྱི་གསལ་ནང་གསལ་མེད་པའི་དབང་གིས་སྒྲོམ་གཞི་རང་ཉིད་རུལ་སུངས་སུ་འགྱུར་བཞིན་ཡོད་པ་བརྗོད་མཁན་ཡང་ཡོད་འདུག
ཨ་རིའི་ནང་ཡོད་པའི་ (Foundation for Defense of Democracies) མང་གཙོ་སྲུང་སྐྱོབ་ལྟེ་གནས་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་ཉམས་ཞིབ་པ་ (Craig Singleton) གིས་ཉེ་ཆར་བྱུང་བའི་གནད་དོན་དེའི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་ལ། ཞིས་ཅིན་ཕིང་གིས་རྒྱ་ནག་དེ་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ཕྱོགས་སུ་ཁྲིད་བཞིན་ཡོད་པ་དང་། ཧ་ཅང་གི་ཉེན་ཁ་ཆེ་བའི་ལས་དོན་ཞིག་འགོ་མ་བརྩམས་གོང་མི་མང་བཅིངས་གྲོལ་དམག་དཔུང་ཁྲོད་བློ་བརྟན་ཆོག་པ་ཞིག་དང་། དབང་ཆ་གཅིག་སྡུད་བཟོ་ཐབས་ལ་འབད་བཞིན་ཡོད་པས། འབྱུང་འགྱུར་ལོ་ཤས་ནང་ཞིས་ཅིན་ཕིང་གིས་དམག་དཔུང་བེད་སྤྱོད་བཏང་ནས་རང་གི་མངོན་འདོད་སྒྲུབ་ཐབས་བྱེད་རྒྱུ་ཡིན་པ་བརྗོད་འདུག ཡང་ཁོང་གིས་ད་ལྟའི་གནས་སྟངས་འདི་དེ་སྔོན་གྱི་འགོ་ཁྲིད་གཞན་དག་གི་སྐབས་སུ་རྒྱ་ནག་ནང་བྱུང་བའི་གནད་དོན་ཞིག་རེད་ཅེས་བརྗོད་མཁན་ཡོད་ཀྱང་། ངས་བལྟས་ན་ད་ལྟའི་དུས་སྐབས་དང་གནས་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པས་འདྲ་ཡི་མ་རེད།
དཔྱད་བརྗོད་པ་འགའ་ཤས་ཀྱིས་ད་ལྟའི་རྒྱ་ནག་ནང་གི་གནས་སྟངས་དེ་ཨུ་རུ་སུའི་ནང་ཕྱི་ལོ་༡༩༣༠ ལོ་མཇུག་གི་ (Stalin-era) སི་ཏ་ལིན་གྱི་དུས་སྐབས་དང་འདྲ་མཚུངས་འགྱུར་བཞིན་ཡོད་ཚུལ་བརྗོད་མཁན་ཡོད་ཀྱང་། ངས་བལྟས་ན་དེ་ལས་ཕྱི་ལོ་༡༩༧༩ ནང་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནང་བྱུང་བའི་གནས་སྟངས་ཤིག་དང་ཧ་ཅང་འདྲ་པོ་འདུག སྐབས་དེ་དུས་ཨུ་རུ་སུ་མནའ་འབྲེལ་ (Soviet Union) གྱི་འགོ་ཁྲིད་ཚོ་ལ། ཨབ་གྷ་ནི་སི་ཐན་ལ་དམག་དཔུང་གིས་བཙན་འཛུལ་བྱས་ཚེ་འགྲོ་གྲོན་ཧ་ཅང་ཆེ་བའི་འཇབ་དམག་གི་འཐབ་རྩོད་དུ་གྱུར་ནས་དུས་ཡུན་རིང་པོ་འགོར་སྲིད་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཨུ་རུ་སུའི་འགོ་ཁྲིད་ཚོས་ཨུ་ཚུགས་ཁོ་ན་བྱས་ནས་ཨབ་གྷ་ནི་སི་ཐན་ལ་བཙན་འཛུལ་བྱས། མཐར་དམག་དཔུང་གིས་བཙན་འཛུལ་དེ་རྒྱུན་སྐྱོང་མི་ཐུབ་པར། དམག་འཁྲུག་དེ་འཇབ་དམག་ (guerrilla war) ཏུ་གྱུར་ནས་དཀའ་ངལ་ཆེན་པོ་སྤྲད་པའི་ལོ་རྒྱུས་ཤིག་དང་ཧ་ཅང་འདྲ་མཚུངས་ཆགས་བཞིན་ཡོད་ཅེས་བརྗོད་འདུག ཁོང་གིས་ད་དུང་ཉེན་བརྡ་བཏང་དོན་ལ་ད་ལྟ་རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་སྲིད་པ་ནི་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ཀྱི་ནུས་པ་དང་དམག་དཔུང་གི་དངོས་ཡོད་གནས་སྟངས་གཉིས་བར་མི་མཐུན་པའི་གནད་དོན་ཡོང་སྲིད་པ་དེ་རེད།
རྒྱ་ནག་སྐོར་གྱི་མཁས་པ་Gordon Chang གིས་དམག་དཔོན་གཉིས་མེད་པ་བཟོས་པའི་གནད་དོན་དེའི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་ལ། རྒྱ་ནག་གཞུང་ནང་མི་མཐུན་པའི་གནད་དོན་མང་པོ་ཞིག་ཡོང་བཞིན་ཡོད་པ་མཚོན་པ་དང་། དེ་བཞིན་བཅིངས་གྲོལ་དམག་དཔུང་ཁྲོད་བྱ་འགུལ་ཆེན་པོའི་རིགས་སྤེལ་རྒྱུ་དུས་ལ་བབ་མེད་པའམ་གྲ་སྒྲིག་མེད་པ་ཞིག་མཚོན་གྱི་ཡོད། རྒྱུ་མཚན་ནི་རྒྱ་ནག་གི་དམག་སྤྱི་མཐོ་གྲས་མང་པོ་ཞིག་གཅིག་རྗེས་གཉིས་མཐུན་བྱས་ནས་ཕྱིར་འཕུད་བཏང་ཡོད། གཉིས་པ་དེ་རྒྱ་ནག་རྒྱལ་ཁབ་རང་ད་ཆར་བརྟན་པོ་མིན་པའི་རྟགས་མཚན་གསལ་པོ་རེད་ཅེས་དང་། The Wall Street Journal དུ་བརྗོད་དོན་ལ། རྒྱ་ནག་གི་བདེ་སྲུང་ལྷན་ཁང་གིས་དམག་སྤྱི་ཞང་(Zhang) གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་གསང་བ་ཨ་རི་ལ་སྤྲད་འདུག་ཅེས་བཤད་པ་ནི་ཧ་ཅང་གི་དོགས་པ་སྐྱེ་དགོས་པ་ཞིག་རེད། རྒྱུ་མཚན་ནི་དམག་སྤྱི་ཁོང་ལ་ཨ་རི་ལ་གསང་བ་དེ་འདྲ་སྤྲོད་པའི་གོ་སྐབས་དེ་འདྲ་མེད་པ་དང་། གཉིས་པ་དེ་མ་འོངས་པར་དམག་སྤྱི་དེར་ཉེས་ཆད་ལྗི་པོ་གཅོད་རྒྱུའི་ཆེད་དུ་དེ་འདྲ་འགྲེལ་བརྗོད་བྱས་པ་རེད་ཅེས་བརྗོད་འདུག ད་དུང་ལོ་ཤས་ནང་ཐའེ་ཝན་ལ་རྒྱ་ནག་གིས་བཙན་འཛུལ་བྱེད་ཀྱི་རེད་བསམ་པའི་བསམ་བློ་ཞིག་ངས་ད་དུང་འཁོར་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་རྒྱ་ནག་གི་དམག་དཔུང་དང་གཞུང་ནང་བརྟན་ལྷིང་མེད་པ་ནི་དངོས་ཡོད་རེད་ཅེས་བརྗོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་རྩོད་རྙོག་དང་ནང་ཁུལ་འཐབ་འཁྲུག་ཆེན་པོ་བྱུང་ཚེ། གནས་ཚུལ་ཁ་ཕྱོགས་བསྒྱུར་ཐབས་སུ་རྩིས་ལོག་བརྒྱབ་ནས་བྱ་སྤྱོད་ཚབས་ཆེན་པོ་དེ་འདྲ་སྤེལ་མི་སྲིད་པ་མ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
