ནམ་རྒྱུན་རྒྱ་ནག་མང་གཙོ་དོན་གཉེར་བར་རྒྱབ་སྐྱོར་ཡོད་ཀྱང་ཀོ་ཝིན་ཀའོ་ཡི་བསྒྲགས་གཏམ་དེར་ངོ་རྒོལ་ཡོད།

ཟླ་འདིའི་ཚེས་༤ ཉིན་ཏེ། པེ་ཅིང་དུ་རྒྱ་ནག་སློབ་མས་མང་གཙོའི་ལས་འགུལ་བར་དམར་ཤོག་གཞུང་གིས་དྲག་གནོན་བྱས་པའི་དུས་དྲན་གྱི་ཉིན་མོ་ཡིན་པ་ལྟར། རྒྱ་ནག་མང་གཙོ་དོན་གཉེར་བ་དང་། སྐྱབས་བཅོལ་བོད་མིའི་ཚོགས་སྡེ་མང་པོས་དྲན་གསོའི་ལས་འགུལ་སྤེལ་བཞིན་པའི་སྐབས། རྒྱ་ནག་གི་ཚོང་པ་གྲགས་ཅན་དང་རྒྱ་ནག་མང་གཙོ་དོན་གཉེར་བ་ཀོ་ཝིན་ཀའོ་ཡིས་སྣེ་ཁྲིད་དེ་རྒྱ་ནག་རྒྱལ་ཁབ་གསར་པ་དབུ་འཛུགས་བྱས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༤ ཉིན་ཨ་རིིའི་ནིའུ་ཡོག་ཏུ་ཀོ་ཝིན་ཀའོ་དང་། རྐང་སྤོལ་རྩེ་མཁན་ཟུར་པ་ཧོ་ཧེ་ཏུང་གཉིས་ཀྱིས་ཧི་མ་ལ་ཡའི་ལྟ་སྐྱོང་ཚོགས་པ་ཞེས་པའི་མིང་ཐོག་ནས། བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། རྒྱ་ནག་རྒྱལ་ཕྲན་རྒྱལ་ཁབ་གསར་པ་འགོ་བཙུགས་པ་ཡིན་ཞེས་”འཐབ་གྲོགས་ཚོ་ཁམས་བཟང་། རྒྱ་ནག་མི་མང་དུང་ཕྱུར་བཅུ་བཞི་ཁམས་བཟང་། ཐེ་ཝན་གྱི་སྤུན་ཟླ་། བོད་ཀྱི་སྤུན་ཟླ་། ཧོང་ཀོང་གི་སྤུན་ཟླ་བཅས་ལ་འཚམ་འདྲི་ཞུ། དེ་རིང་ནས་རྒྱལ་ཕྲན་མཉམ་འབྲེལ་ཀྱི་རྒྱ་ནག་རྒྱལ་ཁབ་གསར་པ་དབུ་འཛུགས་བྱས་པ་ཡིན་པས། དེ་ནི་ང་ཚོ་ཐུན་མོང་གི་གཏམ་བཟང་ཞིག་རེད་”ཅེས་བསྒྲགས་འདུག

གནས་ཚུལ་དེ་བསྒྲགས་པ་དང་། བོད་དོན་ལས་འགུལ་བ་ཚོའི་ངོས་ནས་དེ་དབྱེ་ཞིབ་དང་དགག་པའང་བརྒྱབ་ཡོད་པ་དང་། དེའི་ནང་བོད་མིའི་སྐུ་ཚབ་ཅིག་ཡོད་མེད་ཀྱང་ཁ་གསལ་མེད་པ་མ་ཟད། བོད་ཀྱི་གནད་ཡོད་སུ་ལ་གྲོས་བསྡུར་མ་བྱས་པར་གསལ་བསྒྲགས་དེ་སྤེལ་བ་ནི། རྒྱ་ནག་མང་གཙོའི་མིང་ཐོག་ནས་བོད་དེ་མུ་མཐུད་དབང་བསྒྱུར་འོག་འཇོག་འདོད་ཀྱི་ཇུས་འགོད་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

ཕྱི་ཚེས་༥ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ནིའུ་ཡོག་དང་ནིའུ་ཇཱ་སི་ས་གནས་གཞོན་ནུ་ལྷན་ཚོགས་དང་། ཨ་རིའི་ས་གནས་ཆུ་བཞི་སྒང་དྲུག ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ། བོད་མིའི་ངོས་ནས་“ཀོ་ཝིན་ཀའོ་ཡི་བསྒྲགས་ལ་བརྡ་ལན་”ཞེས་པའི་གསལ་བསྒྲགས་ཤིག་སྤེལ་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བསྟན་ལ་དེའི་སྐོར་གནས་འདྲི་བྱས་པར། ཁོང་གིས། “བོད་མི་ལས་འགུལ་བ་མང་པོས་རྒྱ་ནག་མང་གཙོ་དོན་གཉེར་བ་མཉམ་དུ་གནམ་སྡེའི་སྒོ་མོའི་དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲན་ཐེངས་༣༡ པའི་ལས་འགུལ་སྤེལ་བཞིན་ཡོད་སྐབས། ཀོ་ཝིན་ཀའོ་ཁོང་ཚོས་ཧི་མ་ཡ་ལའི་ལྟ་སྐྱོང་ཚོགས་པའི་མིང་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་འདུག ནམ་རྒྱུན་རྒྱ་ནག་དམར་ཤོག་ཚོགས་པ་སྲིད་དབང་སྒེར་གཅོད་པའི་འོག་གི་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ཡང་ད་ཐེངས་ཀོ་ཝིན་ཀའོ་ཡི་བསྒྲགས་གཏམ་དེར་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད། ཁོང་ཚོས་མ་འོངས་རྒྱ་ནག་འཆར་སྣང་གི་དོན་ཚན་ལྔ་པའི་ནང་བོད་ཀྱི་སྐོར་གླེང་འདུག ཡིན་ནའང་། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བོད་བཙན་བཟུང་བྱས་ཡོད་པ་དང་། ལོ་བདུན་ཅུ་རིང་བོད་ཆོལ་ཁ་གསུམ་ནས་རྒྱ་ནག་གིས་དབང་བསྒྱུར་ལ་ངོ་རྒོལ་རྒྱུན་ཆད་ཡོད་པ་མ་རེད། མ་འོངས་བོད་ཀྱི་གནས་བབས་ག་འདྲ་དགོས་མིན་བོད་པས་ཐག་གཅོད་པ་ལས། ད་ལྟ་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པ་དང་། དེ་ལ་ངོ་རྒོལ་བྱེད་མཁན་གཉིས་ཀར་ཐོབ་ཐང་ཡོད་པ་མ་རེད། དེ་རིང་བོད་ཀྱི་གྲོགས་པོ་རྒྱབ་སྐྱོར་བ་ཡོངས་ལ་བོད་དེ་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་གནད་དོན་བོད་དེ་བོད་པ་ལས་སུ་གཅིག་ལ་ཐག་གཅོད་ཀྱི་དབང་ཚད་ཡོད་པ་མ་རེད་ཅེས་ང་ཚོས་གསལ་བསྒྲགས་སྤེལ་བ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།

ཀོ་ཝིན་ཀའོ་ཁོང་ཚོས་བསྒྲགས་གཏམ་གྱི་དོན་ཚན་ལྔ་པའི་ནང་། “ཧོང་ཀོང་དང་། མེ་ཁའོ། བོད། དེ་མིན་གྱི་ས་གནས་བཅས་ལ་རྒྱ་ནག་རྒྱལ་འཕྲན་གསར་པས་དམིགས་བསལ་རང་སྐྱོང་སྤྲོད་རྒྱུ་དང་། ཁྲིམས་ཐོག་ནས་ལག་བསྟར་བྱེད་ཀྱི་ཡིན། ཐའེ་ཝན་གྱི་གནས་སྟངས་རང་སོར་འཇོག་རྒྱུ་དང་། དམིགས་བསལ་ཚོང་གི་གནས་རང་སོར་ཡིན་”ཞེས་འཁོད་ཡོད་པ་རེད།

རྒྱ་རིགས་ཀྱི་བསྒྲགས་གཏམ་དེའི་ནང་བོད་བཅུག་པར། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོར་དགོངས་ཚུལ་གང་ཡོད་གནས་འདྲི་ཞུས་ཀྱང་། དེའི་ཐོག་གསལ་པོ་ཆགས་ན་འབྲེལ་བ་ཞུ་ཡི་ཡིན་ཞེས་ལན་འདེབས་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།