ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཀྱང་རྒྱ་ནག་གིས་རོགས་རམ་བྱེད་བཞིན་པ།

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་སྔར་ལས་ཇེ་ཆེར་བཏང་ནས་རོགས་རམ་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་ནང་ཨུ་རུ་སུའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིིན་གཉིས་ཐུག་འཆར་ཡོད་འདུག་པ་དང་། ཐེངས་འདིའི་ཐུག་འཕྲད་དེ་འདས་པའི་ཟླ་བ་བདུན་ནང་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག་ལ། ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་འདུག དུས་ཡུན་དེ་དག་གི་ནང་ཨུ་རུ་སུ་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་དཔལ་འབྱོར་གྱི་ཉེས་ཆད་དུ་མ་བཅད་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་སྔར་ལས་ཇེ་མང་དང་རྒྱ་ཇེ་ཆེར་བཏང་ནས་ཨུ་རུ་སུ་ལ་དཔལ་འབྱོར་ཐོག་ནས་རོགས་རམ་བྱེད་ཀྱི་ཡོད་འདུག དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གིས་ཨུ་རུ་སུ་ལ་གོ་མཚོན་འཚོང་གི་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག དེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་དུས་རྒྱ་ནག་གི་ངོས་ནས་ཨུ་རུ་སུ་ལ་གོ་མཚོན་རང་འཚོང་གི་མེད་ཚུལ་བརྗོད་ཡོད་འདུག་ཀྱང་། དོན་དངོས་ཐོག་རྒྱ་ནག་གིས་ཨུ་རུ་སུའི་གོ་མཚོན་ལ་དགོས་པའི་རྒྱུ་ཆའི་རིགས་འཚོང་གི་ཡོད་ཚུལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཨུ་རུ་སུས་གོ་མཚོན་མེ་སྒྱོགས་དང་། འབར་རྫས་རིགས་སོགས་ཀྱི་རྒྱུ་ཆ་བརྒྱ་ཆ་༧༠ རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། གོ་མཚོན་ནང་ནས་འཕྲུལ་རིགས་ཁག་གི་ནང་དུ་ཡོད་པའི་གློག་གི་རྒྱུ་ཆ་བརྒྱ་ཆ་༩༠ རྒྱ་ནག་ནས་ཡོང་གི་ཡོད་པར་བརྗོད་ཡོད་འདུག འདི་ལོའི་ཕྱི་ཟླ་༤ ནང་ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་གོ་མཚོན་གྱི་ཡོ་ཆས་སྤྲོད་མཁན་བཟོ་ཚོང་ཁང་༢༠ ཙམ་ཞིག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པ་དང་། བཟོ་ཚོང་ཁང་དེ་དག་མང་ཆེ་བ་རྒྱ་ནག་དང་།

ཧོང་ཀོང་ནང་ཡོད་པའི་བཟོ་ཚོང་ཁང་རྐྱང་རྐྱང་ཡིན་འདུག བཟོ་ཚོང་ཁང་དེ་དག་གིས་ཨུ་རུ་སུའི་མི་མེད་གནམ་གྲུ་བཟོ་ཆེད་ཀྱི་རྒྱུ་ཆ་དང་ཡོ་ཆས་འཚོང་གི་ཡོད་འདུག་ལ། དེ་བཞིན་རྒྱ་ནག་ནི་གློག་གི་འཕྲུལ་ཆས་ནང་མཁོ་བའི་(semiconductors)ཟེར་བའི་ཡོ་ཆས་དེ་མང་ཤོས་འཚོང་མཁན་ཡིན་པ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཉམས་ཞིབ་ལྟེ་གནས་ཁང་(the International Institute of Strategic Studies)ཟེར་བ་དེའི་ཉམས་ཞིབ་པ་(Maria Shagin)ཟེར་བ་ཡིས་བརྗོད་འདུག འོན་ཀྱང་། རྒྱ་ནག་གིས་རང་ལ་ཚོང་ཟོག་བཀག་སྡོམ་དང་དཔལ་འབྱོར་ཉེས་ཆད་མ་བཅད་པའི་ཆེད་དུ་ཨུ་རུ་སུ་ལ་གོ་མཚོན་འཚོང་གི་མེད་ཀྱི་རྗོད་ཀྱི་ཡོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ་ནས་བཟུང་རྒྱ་ནག་གིས་ཨུ་རུ་སུ་ལ་རླངས་འཁོར་དང་གྱོན་ཆས། དངོས་ཟོག་རིགས་ཀྱི་རྒྱུ་ཆ་སོགས་ཅ་དངོས་མང་པོ་འཚོང་གི་ཡོད་འདུག ཕྱི་ལོ་༢༠༢༣ ནང་ཨུ་རུ་སུ་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་༢༤༠ ཡི་ཚོང་འབྲེལ་བྱུང་སྟེ། ལོ་རྒྱུས་ཁྲོད་ཚོང་འབྲེལ་ཆེ་ཤོས་དེ་ཡིན་འདུག་ལ། བརྒྱ་ཆ་༦༤ ཙམ་ཡར་འཕར་ཡོད་འདུག ཨུ་རུ་སུའི་ནང་རྒྱ་ནག་ནས་བཟོས་པའི་རླངས་འཁོར་མང་པོ་ཡོད་འདུག རྒྱ་ནག་ནི་ཨུ་རུ་སུའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་འདུག་ལ། ཨུ་རུ་སུ་ནི་རྒྱ་ནག་གི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་དྲུག་པ་དེ་ཡིན་འདུག ཨུ་རུ་སུའི་ལོ་གཅིག་གི་ཡོང་འབབ་ནས་བརྒྱ་ཆ་༥༠ སྣུམ་དང་རླངས་རྫས་སོགས་ཀྱི་ནུས་ཤུགས་ཐོན་ཁུངས་ནས་ཡོང་གི་ཡོད་འདུག་པར་བརྟེན། རྒྱ་ནག་དང་རྒྱ་གར་གཉིས་ནི་ཨུ་རུ་སུའི་སྣུམ་ཉོ་མཁན་མང་ཤོས་དེ་ཡིན་འདུག མ་འོངས་པར་རྒྱ་ནག་གིས་ཨུ་རུ་སུའི་ས་ཆ་(Siberia)ཟེར་བ་ནས་རྒྱ་ནག་བར་སྣུམ་ནང་འདྲེན་བྱེད་ཆེད་ཀྱི་སྦུག་དོང་ཐེན་ནས་སྣུམ་ཉོ་རྒྱུ་མང་དུ་གཏོང་རྒྱུ་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།