པེ་རི་སིར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་མཇུག་བསྡུས་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་མཇུག་བསྡོམས་བྱས་པ་དང་། ཚོགས་ཆེན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༡ ཚོགས་ཆེན་དེ་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་ཐོག་རང་བཙན་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱལ་མཚན་རྒྱལ་གྱིས་ཚོགས་འདུའི་བྱུང་རིམ་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། དམིགས་བསལ་སྐུ་མགྲོན་བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ཀྱིས་གཏམ་བཤད་བྱས་ཡོད་པ་རེད།
ཚོགས་ཆེན་ཐོག་ཉིན་གཅིག་དང་ཕྱེད་རིང་ཆེད་དུ་འདན་ཞུ་བྱས་པའི་བོད་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཐའེ་ཝན། དེ་བཞིན་རྒྱ་ནག་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་གཏམ་བཤད་བགྲོ་གླེང་བྱས་པ་ཡོད་པ་རེད། དེ་རྗེས་ཉིན་གཅིག་དང་ཕྱེད་རིང་བོད་མི་ཚོགས་ཞུགས་པ་རྣམས་ནང་ཁུལ་བགྲོ་གླེང་གྲོས་བསྡུར་བྱས་ཏེ། པེ་རི་སིའི་རང་བཙན་བསྒྲགས་གཏམ་གཏན་འབེབས་དང་། ནང་ཁུལ་ནས་དུས་རྒྱུན་དོ་སྣང་འགན་ཁུར་དགོས་པའི་གནད་དོན་ཁག་ཅིག་ཐོག་བསམ་ཚུལ་ཕྱོགས་བསྡུས་བྱས་ཡོད་པ་རེད།
རང་བཙན་བསྒྲགས་གཏམ་ནང་དམིགས་དོན་ཚན་ལྔ་གཏན་འབེབས་བྱསཡོད་པ་དང་། དང་པོ་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐའེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་བཅས་ཀྱིས་མ་འོངས་པར་སོ་སོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་ཡོད།
གཉིས་པ་ཚོགས་ཆེན་ཐོག་བོད་མི་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཐའེ་ཝན་བཅས་རྒྱ་ནག་གི་དབང་བསྒྱུར་འོག་སྡོད་འདོད་མེད་པར་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱིས་ངོས་འཛིན་བྱས་ཡོད།
གསུམ་པ་མ་འོངས་པའི་སྐབས་ཤིག་ལ་ང་ཚོ་བོད་གཞུང་མང་གཉིས་ཀས་བོད་རང་བཙན་འཐབ་རྩོད་བྱ་བའི་ལངས་ཕྱོགས་གཅིག་གྱུར་དུ་ཡོང་སྲིད་པའི་ཚོད་དཔག་ཐུབ་པར་བརྟེན། ང་ཚོས་བོད་རང་བཙན་འཐབ་རྩོད་ཀྱི་གནད་དོན་མ་བརླགས་པ་དང་། འཐབ་རྩོད་པའི་སོན་རྩ་སྐྱེད་སྲིང་བྱ་དགོས།
བཞི་པ་རྒྱ་ནག་གི་བཙན་གནོན་འོག་ནས་འདས་གྲོངས་སུ་སོང་བ་དང་། མནར་གཅོད་མྱངས་དང་མྱོང་བཞིན་མཁན། རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་རྣམས་ཀྱི་འབོད་སྒྲ་དང་ཁ་ཆེམས་ནི་ཤུལ་ལྷག་ང་ཚོའི་རྩ་དོན་གྱི་ཆེད་དུ་ཡིན་པ་ངོས་ཟིན་པའི་ཐོག་ནས། ང་ཚོས་དེའི་ངོ་བོ་དང་རྣམ་པ་གང་ལ་ཡང་བསྒྱུར་བཅོས་མི་ཡོང་བར་བདག་ཉར་དང་ཁྱབ་སྤེལ་བྱ་རྒྱུའི་འགན་ཁུར་དགོས།
ལྔ་པ་བོད་རྒྱལ་ཁབ་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་བཟུང་། འཕགས་བོད་ས་མཚམས་ནི་རྒྱ་དཀར་ནག་གི་ས་མཚམས་ཡིན་པར་ངོས་འཛིན་ཐོག རྩོད་གླེང་རིམ་པ་བྱུང་ཡོད་ལ། ཉེ་བའི་ཆར་ནས་ས་མཚམས་དེ་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་མོད། དེ་ནི་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པས། དེའི་ཐོག་རྒྱ་ནག་ལ་རྩོད་གླེང་ཐག་གཅོད་བྱེད་རྒྱུའི་དབང་ཚད་མེད་ལ། བོད་རང་བཙན་སླར་གསོ་མ་ཐུབ་བར་དུ་ས་མཚམས་དེའི་རྩོད་རྙོག་ཐག་གཅོད་ཡོང་ཐབས་མེད་པར་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་ཟེར་གྱིས་པེ་རི་སི་ནས།

