བཀའ་བརྒྱུད་དགུན་ཆོས་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་།

ཟླ་འདིའི་ཚེས་༡༣ ཉིན་འགྲོ་མགོན་བཀའ་བརྒྱུད་པའི་དགུན་ཆོས་ཆེན་མོ་ཐེངས་༢༤ པ་དེ་གནས་མཆོག་རྡོ་རྗེ་གདན་གཏེར་སྒར་འོད་གསལ་གླིང་དུ་དབུ་འཛུགས་གནང་འདུག་པ་དང་། དབུ་འཛུགས་ཀྱི་མཛད་སྒོའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དྲྭ་ལམ་བརྒྱུད་དགུན་ཆོས་ཕེབས་མཁན་དགེ་འདུན་པ་ཚོར་ཞལ་མཇལ་གནང་བ་དང་འབྲེལ་དྭགས་པོ་བཀའ་བརྒྱུད་ཡོངས་སུ་རྫོགས་པ་ལ་དག་སྣང་བྱུང་ཡ་དང་ཕན་ཚུན་བློ་སྒོ་འབྱེད་ཡ་དེ་འདྲ་བྱུང་ན་བསམས་ཏེ་མཁན་པོ་མང་པོས་དགོངས་ཚུལ་སོགས་ལ་བརྟེན་ནས་ཀརྨ་དགུན་ཆོས་ལས་བཀའ་བརྒྱུད་དགུན་ཆོས་ཞེས་མཚན་གསོལ་བའི་སྐོར་དང་། སྔར་བཀའ་བརྒྱུད་ཀྱི་བཤད་པའི་སྡེ་ཕུན་སུམ་ཚོགས་པ་བྱུང་ཡང་བར་སྐབས་ནས་ཉམས་འགྲིབ་ཕྱིན་པའི་སྐོར་དང་། ད་ལྟ་བཤད་གྲྭ་མང་པོ་ཆར་རྗེས་ཤ་མོ་ལྟར་ཡོང་གི་ཡོད་པ་དང་བཤད་པའི་བསྟན་པ་སྤེལ་བ་ཙམ་མིན་པར་སྔར་གྱི་བཤད་པའི་བསྟན་པའི་མེ་རོ་གསོ་རྒྱུའི་འགན་འཁུར་དེ་ང་ཚོར་ཡོད་པ་དང་། དེའི་རྒྱུ་མཚན་ལ་བརྟེན་ནས་གཞན་དང་མི་འདྲ་བར་ལྷག་བསམ་དང་སེམས་ཤུགས་བསྐྱེད་དགོས་པའི་གནད་འགག་གཅིག་ཡོད་པར་དགོངས་ཀྱི་ཡོད་པ་དང་། སློབ་གཉེར་བ་དང་མཁན་སློབ་ཚོའི་ཚང་མའི་ངོས་ནས་རྡོག་ཤུགས་གཅིག་སྒྲིལ་གྱིས་དུས་རབས་ཀྱི་རྗེས་ཟིན་པའི་ཐོག་ནས་བཤད་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་དང་། དེ་བཞིན་བཀའ་བརྒྱུད་དགུན་ཆོས་ཞེས་མིང་བཏགས་པ་ནང་བཞིན་མ་འོངས་པར་དྭགས་པོ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་གང་འདྲ་ཡོད་པ་དང་གཞུང་བཀའ་པོད་ལྔ་སོགས་ལ་མཁས་པ་ཚོའི་བཞེད་ཚུལ་སོགས་མཐུན་དང་མི་མཐུན་པའི་ཐོག་བགྲོ་གླེང་དང་ཞིབ་འཇུག་བྱེད་ཡ་སོགས་དེ་འདྲ་བྱུང་བ་ཡིན་ན། བཀའ་བརྒྱུད་དགུན་ཆོས་ཞེས་པ་མིང་དོན་མཚུངས་པ་ཞིག་ཡོང་བ་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་འདུག

ཉིན་དང་པོར་མཚུར་ཕུ་བླ་བྲང་དང་གདན་ས་ཁག་གི་བཤད་གྲྭའི་ལས་ཐོག་གི་མཁན་པོ་རྣམ་པས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་གི་སྟོན་པའི་སྐུ་ལ་ན་བཟའ་དང་ལྷུང་བཟེད་མཆོད་འབུལ་ཞུ་རྒྱུ་སོགས་རེད་འདུག ཐེངས་འདིའི་དགུན་ཆོས་དེ་༢༠༢༣ ཕྱི་ཟླ་༡༢ ཚེས་༡༣ ནས་ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༤ བར་དུ་འཚོག་རྒྱུ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།