བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༨ པ་འཚོགས་བཞིན་འདུག

རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་གྲོང་ཁྱེར་དུ་བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༨ པ་འཚོགས་བཞིན་ཡོད་པ་རེད།

དེ་ཡང་ཟླ་༨ པའི་ཚེས་༢༩ ཉིན་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༨ པའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་སློབ་དཔོན་ཝེན་ཀ་ཏ་རའོ་གཙོས་པའི། དམིགས་བསལ་སྐུ་མགྲོན་ཁྲིམས་རྩོད་པ་དང་ཀར་ན་ཀྲ་ཀའི་བྷི་ཇེ་བྷིའི་ཆབ་སྲིད་ཚོགས་པའི་ན་གཞོན་སྡེ་ཚན་གྱི་དྲུང་ཆེ་ཏེ་ཇ་ས་ཝེ་སུར་ཡ་དང་རྒྱ་གར་གྱི་མཐོ་རིམ་དམག་དཔོན་ཟུར་པ་ཀ་མ་ཐེ་བཅས་དང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་ཁག་༣༥ ཙམ་ནས་ཚོགས་བཅར་བ་༡༠༠ ཙམ་གྱིས་མཉམ་ཞུགས་བྱས་འདུག

སྐུ་མགྲོན་གཙོ་བོས་འབར་བཞིན་པའི་བོད་ཅེས་པའི་དྲ་རྒྱ་དང་རང་སྲེག་རྒྱ་རྒོལ་སྐོར་གྱི་བརྙན་ཐུང་འོད་སྡེར་ཞིག་དབུ་འབྱེད་བྱས་ཡོད་པ་རེད་འདུག

འགན་འཛིན་ལྷན་ཚོགས་དེ་ཟླ་༨ པའི་ཚེས་༢༩ ནས་ཟླ་༩ པའི་ཚེས་༢ ཉིན་བར་འཚོག་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།