བོད་ཕྲུག་ལོ་ན་བཅུ་མན་ཆོད་ཀྱི་རྐང་སྤོལ་འགྲན་སྡུར་ཐེངས་བཞི་པ།

ཟླ་༩ པའི་ཚེས་༡༦ནས་ཉིན་གཉིས་རིང་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར། དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ལྔའི་བར་ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་ཐེངས་བཞི་པ་དེ་ཚོགས་ཏེ། འཛམ་གླིང་བཞི་བདེ་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།

འགྲན་སྡུར་དེ་ནི་རྩེད་ཐང་སྒང་ལ་ཞེས་པའི་དང་བླངས་རྩེད་མོའི་ཚོགས་ཆུང་ཞིག་གི་གོ་སྒྲིག་བྱས་ཡོད་པ་དང་། འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། མེས་དབོན་དཔེ་སྟོན་སློབ་གྲྭ་དང་། མེག་གྷན་ཉིན་མོའི་སློབ་གྲྭའི་འཛིན་རིམ་ལྔ་པ་མན་ཆོད་ཀྱི་སློབ་ཕྲུག་བཅས་ཡིན་འདུག

ཉིན་གཉིས་རིང་སློབ་གྲྭ་ལྔ་པོའི་བུའི་རུ་ཁག་དང་བུ་མོའི་རུ་ཁག་ནང་ཁུལ་རྐང་སྤོལ་འགྲན་སྡུར་བྱས་ཏེ། མཐར་བུའི་རུ་ཁག་ཁྲོད་ནས་རྐང་སྤོལ་འགྲན་སྡུར་གྱི་རུ་ཁག་ཨང་དང་པོའི་བྱ་དགའ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཐོབ་པ་དང་། བུ་མོའི་རུ་ཁག་ཨང་དང་པོའི་བྱ་དགའ་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཐོབ་ཡོད་ཁར། བུ་དང་བུ་མོ་གཉིས་ཀའི་ཨང་གཉིས་པའི་བྱ་དགའ་དྷ་ཤོད་བོད་ཁྱིམ་སློབ་གྲྭར་ཐོབ་ཡོད་པ་རེད།

རྩེད་འགྲན་པའི་ཁྲོད་ནས་བུ་རྩེ་ཕུད་ཀྱི་བྱ་དགའ་དེ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐར་མ་ཚེ་རིང་དང་། བུ་མོ་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་གོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དབང་མོ་ལ་ཐོབ་ཡོད་པ་རེད།

བུ་དང་བུ་མོའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོར་ཧིན་སྒོར་༤༠༠༠ རེ་དང་། ཨང་གཉིས་པར་ཧིན་སྒོར་༢༠༠༠ རེ་དང་། སློབ་ཕྲུག་ཚོར་ཉིན་གཉིས་རིང་ཉིན་གུང་ཞལ་ལག་མེག་གྷན་ཕ་མའི་ཚོགས་ཆུང་ནས་གོ་སྒྲིག་དང་སྦྱིན་བདག་བྱས་ཡོད་པ་རེད། ཉིན་གཉིས་རིང་སློབ་ཕྲུག་ཚོར་གསོལ་ཇ་དང་ཁ་ཟས་རིགས་དྷ་ས་ས་གནས་བུད་མེད་ཚོགས་པ་ནས་གོ་སྒྲིག་བྱས་ཡོད་འདུག

རྩེད་འགྲན་རྒྱལ་ཁའི་གཟེངས་རྟགས་དང་རྟགས་མ་རྣམས་བོད་རྒྱལ་ཡོང་རྩེད་རིགས་ལྷན་ཚོགས་ནས་སྦྱིན་བདག་བྱས་ཡོད་པ་དང་། རྩེད་འགྲན་པ་རྩེ་ཕུད་གཉིས་ལ་ཧིན་སྒོར་༥༠༠རེ་གོ་སྒྲིག་ཚོགས་ཆུང་ངོས་ནས་ཕུལ་ཡོད་པ་རེད།

བོད་ཕྲུག་ལོ་ན་བཅུ་མན་ཆོད་ཀྱི་རྐང་སྤོལ་འགྲན་སྡུར་ཐེངས་དང་པོ་དེ་༢༠༡༤ལོར་ཚོགས་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་དགའ་འཕེལ།