བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གཞུང་གིས་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་ཚོ་འཕྲལ་དུ་གློད་བཀྲོལ་དགོས་པར་བསྒྲགས།
ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ནན་བརྗོད་བྱས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་ནང་། རྒྱ་ནག་གཞུང་གིས་སྡེ་དགེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་དྲག་གནོན་ཤུགས་ཆེར་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐྱོན་འཛུགས་ནན་པོ་བྱེད་ཀྱི་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་གཞུང་གིས་འབྲི་ཆུའི་ཆུ་མཛོད་ལས་གཞིར་ཞི་རྒོལ་བྱེད་མཁན་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག གློག་ཤུགས་མེ་གྷ་ཝཱཊ་༡༣,༩༢༠ བཏོན་ནུས་ལྡན་པའི་རྩེག་རིམ་༡༣ ཅན་གྱི་ཆུ་མཛོད་ལས་གཞི་དེ་མཚམས་འཇོག་ཡོང་བར་དམིགས་ཏེ་སྡེ་དགེ་ཁུལ་གྱི་བོད་མི་ཚོས་ལོ་འདིའི་ཕྱི་ཟླ་༢ པའི་ཚེས་༡༤ ནས་ད་བར་ཞི་རྒོལ་བྱེད་མུས་ཡིན་འདུག་པ་དང་།
ཆུ་མཛོད་འཛུགས་སྐྲུན་ལས་གཞི་འདིས་རྐྱེན་པས་དབོན་སྟོད་གྲོང་སྡེ་དང་ཤིས་པ་གྲོང་སྡེ་གཉིས་ཀྱི་བོད་མི་ཉིས་སྟོང་ལྷག་བཙན་དབང་གིས་གནས་སྤོ་དང་། དེ་བཞིན་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁར་མདོ་དགོན། རབ་བརྟན་དགོན། དགོན་གསར་དགོན། བཀྲ་ཤིས་དགོན་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་གཏང་འཆར་ཡོད་འདུག དགོན་སྡེ་དེ་དག་ནང་སྐུ་གདུང་རྩ་ཆེན་རིགས་མང་པོ་ཡོད་པ་དང་། ལྷག་པར་དབོན་སྟོད་དགོན་གྱི་ལྡེབས་རིས་ནི་ཕྱི་ལོའི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་འདུག་ཅེས་དང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ཉིད་འཕྲལ་དུ་མཚམས་འཇོག་དགོས་པ། ས་གནས་སུ་ལས་འཆར་ཇི་འདྲ་ཞིག་སྤེལ་རུང་མང་ཚོགས་ཀྱི་འདོད་པ་དང་རེ་བ་གཙོ་བཟུང་བྱེད་དགོས་པ་ནན་བརྗོད་ཞུ་ཡི་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་སྤེལ་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
