བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཆེན་ཐེངས་༡༦ པ་དབུ་འཛུགས།

ཟླ་འདིའི་ཚེས་༢ ཉིན་རྡ་སའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་ཚོགས་གནང་སོང་། ཐེངས་འདིའི་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོན་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེན་དཔའ་ལྡན་དོན་གྲུབ་དང་དེ་བཞིན་ས་གནས་གང་ས་ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་བསྡོམས་༦༠ ཙམ་ཕེབས་འདུག

སྐབས་དེ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་བཀྲ་ཤིས་དབང་འདུལ་གྱིས་བོད་མིའི་ཚོང་ལས་བདེ་ཚོགས་དང་འབྲེལ་བའི་སྔར་གྱི་བྱུང་རབས་དང་བར་གྱི་འཕེལ་རིམ། ད་ལྟའི་གནས་སྟངས་དང་མ་འོངས་པའི་ལས་འཆར་སྐོར་གསུང་བཤད་གནང་སྐབས། ཁོང་གིས་ཚོགས་པ་དེ་ཐོག་མ་༧སྐྱབས་རྗེ་༧ཟམ་གདོང་རིན་པོ་ཆེན་བཀའ་བློན་ཁྲི་པ་ཡིན་དུས་བཙུགས་ཡོད་པ་དང་། དེ་ཡང་དཔལ་འབྱོར་ལས་ཁུངས་ཀྱིས་བརྒྱུད་སྐུལ་བྱས་ཏེ་ཚོགས་པ་གསར་འཛུགས་གནང་ཡོད་ཅིང། ད་བར་མི་ལོ་བཅུ་བདུན་འདས་ཟིན་པ་དང་ད་ལྟའི་ཆར་དེང་རབས་འཕྲུལ་རིགས་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཚོང་ལས་ཕོན་ཆེན་ཞིག་དྲ་ཐོག་བརྒྱུད་ནས་དར་འཕེལ་འགྲོ་བཞིན་པ་བརྟེན། བོད་མི་ཚོང་པ་ཚོས་ཀྱང་དེ་བཞིན་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དྲ་ཐོག་ཚོང་ལས་དར་སྤེལ་གཏོང་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་།

གཞན་ཡང་སྐུ་མགྲོན་གྱི་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མི་རིགས་གཞན་ལ་དཔེ་བལྟས་ནས་ང་ཚོའི་མི་རིགས་ཀྱི་མདུན་ལམ་གང་འདྲ་བཟོ་དགོས་ཀྱི་འདུག ང་ཚོའི་མི་རིགས་ཀྱི་མདུན་ལམ་བཟོ་བ་ལ་དཔལ་འབྱོར་གྱི་མདུན་ལམ་བཟོ་དགོས་ཀྱི་ཡོད་རེད། ཆབ་སྲིད་ཀྱི་མདུན་ལམ་བཟོ་དགོས་ཀྱི་ཡོད་རེད། རིག་གཞུང་གི་མདུན་ལམ་བཟོ་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། མཉམ་དུ་འགྲོ་དགོས་ཀྱི་ཡོད་རེད། དཔེར་ན་དཔལ་འབྱོར་གྱི་གནས་བབ་ཕྲན་བུ་རག་ནས་སོ་སོའི་རིག་གཞུང་ལ་བསམ་བློ་ཁྱོན་ནས་མ་བཏང་ན་འགྲིག་གི་མི་འདུག དེ་ལ་བསམ་བློ་ངེས་པར་དུ་གཏོང་དགོས་ཀྱི་འདུག དེ་མིན་དཔལ་འབྱོར་ཟེར་དུས་དཔལ་འབྱོར་རང་མ་གཏོགས། དེ་ལས་གཞན་པའི་སོ་སོའི་རིག་གཞུང་དང་ཆོས་ལ་བསམ་བློ་ཁྱོན་ནས་མེད་པ་ཆགས་ཕྱིན་ན། ང་ཚོ་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་ཆགས་རྒྱུའི་ཉེན་ཁ་ཡོད་རེད་ཅེས་དང་། དེང་སང་གི་གནས་བབ་བསམ་བློ་གཏོང་ཡོང་དུས་དཔལ་འབྱོར་དེ་ཧ་ཅང་གལ་ཆེན་མོ་ཆགས་ཡོང་གི་ཡོད་རེད། དཔལ་འབྱོར་གྱི་གནས་བབ་ཐོག་ནས་ཆབ་སྲིད་དེའི་ཕྱོགས་ལ་འགྲོ་ཡི་ཡོད་རེད། རིག་གཞུང་ཡང་དེའི་ཕྱོགས་ལ་འགྲོ་ཡི་ཡོད་རེད། ཚང་མ་དེ་ལ་བརྟེན་ནས་འཁོར་རྒྱུའི་རྣམ་པ་ཆགས་ཡོང་གི་ཡོད་རེད། དཔེར་ན་རྒྱ་ནག་ལྟ་བུ་ལ་མཚོན་ན། ཆབ་སྲིད་རང་གི་འཛིན་སྐྱོང་བྱེད་སྟངས་ལ་བསམ་བློ་བཏང་ན། མི་གཅིག་དབང་སྒྱུར་རིང་ལུགས་བྱས་ནས་འགྲོ་ཡི་ཡོད་རེད། དེ་ལ་འཛམ་བུ་གླིང་གིས་ཡིད་སྨོན་རྩ་བ་ཉིད་ནས་བྱེད་ཀྱི་ཡོད་མ་རེད། དེང་སང་ཆབ་སྲིད་ཀྱི་འགྲོ་སྟངས་ལམ་ལུགས་ནས་ཡག་ཤོས་དེ་དམངས་གཙོ་རྩིས་ཀྱི་ཡོད་རེད། ཨ་རི་དང་རྒྱ་གར་དང་དབྱིན་ཡུལ་སོགས་དམངས་གཙོ་རྒྱལ་ཁབ་ཚད་མཐོ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་ཚོ་ལ་ཡིད་སྨོན་བྱེད་ཀྱི་ཡོད་རེད་མ་གཏོགས་རྒྱ་ནག་ལ་ཡིད་སྨོན་བྱེད་རྒྱུའི་གཞི་རྩ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། རྒྱ་ནག་ལ་བསྟུན་དགོས་པའི་གནས་སྟངས་དེ་གང་འདྲ་ཆགས་ཀྱི་འདུག དེ་དཔལ་འབྱོར་གྱི་གནས་སྟངས་ལ་བསྟུན་ནས་ཡོང་བསྡད་ཀྱི་ཡོད་རེད་ཅེས་གསུང་བཤད་གནང་སོང་།

ཐེངས་འདིའི་མཛད་སྒོའི་ཐོག་ཏུ་བོད་མི་ཁེ་ལས་པ་(TIBETAN ENTREPRENEUR) ཞེས་པའི་དུས་དེབ་ཅིག་དབུ་འབྱེད་གནང་སོང་ལ། དུས་དེབ་དེའི་ནང་དུ་མ་འོངས་པ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ངོས་ནས་བོད་མི་ཚོང་པ་ཚོ་ལ་གཞོགས་འདེགས་ཆེད་དུ་དྲ་ཐོག་ཚོང་ར། དཔེར་ན་བོད་ཀྱི་ཁྲོམ་ར་(TibetanBazaar) ་ལྟ་བུ་ནང་བོད་མི་སུ་འདྲ་ཞིག་ཡིན་ཡང་རང་ལ་དངོས་ཟོག་བཙོང་རྒྱུ་ཡོད་ན་དྲ་ཐོག་ཁྲོམ་ར་དེའི་བརྒྱུད་ནས་བཙོང་ཆོག་པ་དང། ལ་སོ་(Laa-So) ་ལྟ་བུ་ལ་མཚོན་ན་བོད་མི་གནད་སྡོད་ཁུལ་དུ་གླ་གཏོང་རླངས་འཁོར་དང་མགྲོན་ཁང་ལ་སོགས་དྲ་ཐོག་ནས་མངགས་གཏོང་ཐུབ་ཆེད་ཡིན་པ་མ་ཟད། དེ་བཞིན་དབྱིན་ཡིག་ཏུ་(venture for Tibet) ་ཞེས་པ་ལྟ་བུའི་བརྒྱུད་ནས་གཞོན་སྐྱེས་རྣམས་ལ་ཚོང་ལས་སྦྱོང་བརྡར་སྤྲོད་རྒྱུ་དང་གཉིས་ནི་དྲ་ཐོག་ལ་ཚོང་ལས་དང་འབྲེལ་བའི་ཐོ་འགོད་དང་དཔྱ་ཁྲལ་རིགས། དེ་བཞིན་རྩིས་ཁྲ་རིགས་བཟོ་སྟངས་ལ་སོགས་ཀྱི་ཐད་རོགས་རམ་བྱེད་རྒྱུ། གསུམ་ནི་བོད་པའི་དངོས་ཟོག་དག་ཁྲོམ་ར་ཆེ་བའི་ནང་སླེབས་ཐབས་ཐད་རོགས་རམ་བྱེད་རྒྱུ་བཅས་གནད་དོན་གཙོ་བོ་གསུམ་གྱི་ཐོག་ནས་བོད་མིའི་ཚོང་ལས་པ་དང་ན་གཞོན་རྣམས་ལ་རོགས་རམ་བྱེད་འཆར་ཡིན་རབས་སོགས་ཀྱི་གནས་དོན་ཁག་གཅིག་གསལ་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།