བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༦པ་སྲུང་བརྩི་ཞུས།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༦ པ་སྲུང་བརྩི་ཞུས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་དང་ཀུན་ཕན་གླིང་གི་དགེ་རྒན་གཙོས་སློབ་མ་ཁག་ཅིག་ཕེབས་འདུག

ཕྱི་ལོ་༢༠༢༣ཟླ་༥ ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༦ པ་སྲུང་བརྩི་ཞུས་སོང་། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཟེར་བ་དེ་ནི་ཐེངས་དང་པོ་༡༩༧༧ ལོར་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས་ཚོགས་ཡོད་འདུག་ལ། རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཞེས་པ་ནི༡༩༤༦ ལོར་གསར་འཛུགས་བྱས་ནས་ཁྱོན་རྒྱལ་ཁབ་༡༣༨ ནང་ཚོགས་མི་༤༥༠༠༠ ཙམ་ཡོད་པ་དང་། ད་བར་ལོ་ལྟར་ཕྱི་ཟླ་༥ ཚེས་༡༨ ཉིན་དེ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་འདུག 

དེ་རིང་མཛད་སྒོའི་སྐབས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་ངོས་ནས་འགྲེམས་སྟོན་དུས་དེབ་ཟེར་བའི་དུས་དེབ་ཅིག་དབུ་འབྱེད་གནང་སོང་ལ། དུས་དེབ་དེའི་མཐུན་འབྱོར་རོགས་རམ་གནང་མཁན་གཙོ་བོ་འགྲོ་ཕན་སྨན་རྩིས་ཁང་དང། བོད་ཀྱི་ཟློས་གར་ཚོགས་པ། བོད་ཀྱི་དཔེ་མཛོད་ཁང། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་བཅས་ཡིན་འདུག དུས་དེབ་དེ་འདྲ་ཞིག་འདོན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཁག་དང་འབྲེལ་བ་དམ་ཟབ་ཡོང་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་འགྲེམས་སྟོན་ཁང་ངོ་སྤྲོད། ཆག་འཇིག་གནས་སུ་ལྷུང་བའི་བོད་ཀྱི་རིེག་གཞུང་ངོ་སྤྲོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་དཔྱད་རྩོམ་གང་མང་འདོན་སྤེལ་གནང་རྒྱུ་སོགས་ཡིན་པ་འགྲེམས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་སྦྱིན་པ་ལགས་ཀྱིས་གསུངས་སོང་ལ། སྤྱིར་འགྲེམས་སྟོན་ཁང་ཟེར་བ་དེ་ཐོག་མ་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་དམག་འཁྲུག་དང་གསར་བརྗེ་དུ་མ་བྱུང་བར་བརྟེན། ཕྱིས་སུ་དེ་དག་གི་རྗེས་དྲན་ཆེད་དུ་འགྲེམས་སྟོན་ཁང་མང་པོ་གསར་འཛུགས་བྱས་ཡོད་པར་གསུངས་སོང། 

ད་ལྟའི་ཆར་འཛམ་གླིང་ནང་འགྲེམས་སྟོན་ཁང་ཆེ་ཤོས་ནི་དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་དང་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཡིན་པ་དང་། དེ་མཚུངས་རྒྱ་ནག་གཞུང་གིས་ཆབ་སྲིད་དྲིལ་བསྒྲགས་ཆེད་དུ་ད་བར་འགྲེམས་སྟོན་ཁང་༥༧༧༢ ཙམ་ཞིག་བཙུགས་ཡོད་ཚུལ། བོད་ནང་འདས་པའི་ལོ་ལྔའི་ནང་རྒྱ་གཞུང་གིས་ཆབ་སྲིད་དྲིལ་བསྒྲགས་དང་ལོ་རྒྱུས་ལ་འཁྱོག་བཤད་། དམིགས་བསལ་བོད་ལ་ཕེབས་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་རྒྱ་གཞུང་གི་སྲིད་བྱུས་དང། བོད་ལ་ལྟ་བ་འཛིན་སྟངས་སོགས་འགྱུར་བ་གཏོང་ཆེད་འགྲེམས་སྟོན་ཁང་༥༠༠ ཙམ་ཞིག་བོད་རང་ནང་གསར་རྒྱག་བྱས་ཡོད་པར་གསུངས་སོང། 

དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེན་ཀརྨ་ཆོས་དབྱིངས་ལགས་ནས་གསུངས་དོན་ལ། ང་ཚོའི་འགྲེམས་སྟོན་ཁང་དེ་ཤེས་ཡོན་གཅིག་པུའི་ཆེད་དུ་མ་ཡིན་པར་བོད་མིའི་རང་དབང་འཐབ་རྩོད་ཁྲོད་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་དང་། ད་ལྟའི་འགྲེམས་སྟོན་ཁང་འདི་ལྟ་བུ་ལ་མཚོན་ན་དུས་རབས་དང་མཐུན་པ་ཞིག་དང་། པར་ཆས་དང་འཕྲུལ་ཆས་ལ་སོགས་ཚད་ལྡན་ཡོད་པས་། མ་འོངས་པ་ཡིན་ན་ཡང་ལས་བྱེད་ཚོས་ངེས་པར་དུ་བདག་པོ་ཡག་པོ་བརྒྱབ་ནས་མུ་མཐུད་ཡར་རྒྱས་གཏོང་རྒྱུ་དང་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།