བོད་རང་བཙན་སླར་གསོའི་ཆེད་ཀྱི་ལས་འགུལ་མཇུག་བསྡོམས།

ཟླ་འདིའི་ཚེས་༡ ཉིན་བོད་མི་སྒེར་པ་ཁག་ཅིག་གིས་ཨ་རིའི་ཧྤེ་ན་ཌོ་ཕེ་ཡ་གྲོང་ཁྱེར་གྱི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་རང་དབང་གི་དྲིལ་བུ་ཡོད་སའི་ས་གནས་ནས་འགོ་འཛུགས་བྱས་པའི་བྱས་པའི་རང་བཙན་གོམ་བགྲོད་རྒྱལ་ས་ཝ་ཤིན་ཊོན་དུ་མཇུག་བསྡོམས་བྱས་པ་དང་མཉམ་དུ་ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ཀྱི་རང་བཙན་གོམ་བགྲོད་དེ་ཊོ་རིན་ཊ་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཡོད་སར་མཇུག་བསྡོམས་བྱས་ཡོད་པ་རེད།

ཕྱི་ཟླ་༥ པའི་ཚེས་༢༣ ཉིན་ཏེ། རྒྱ་ནག་གི་དབང་ཤུགས་འོག་བོད་རྒྱའི་བར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བཞག་ནས་མི་ལོ་༧༠ འཁོར་བའི་ཉིན་མོ་དང་བསྟུན། བོད་མི་སྒེར་པ་ཁག་ཅིག་གིས་ཨ་རིའི་ཧྤེ་ན་ཌོ་ཕེ་ཡ་གྲོང་ཁྱེར་གྱི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་རང་དབང་གི་དྲིལ་བུ་ཡོད་སའི་ས་གནས་ནས་འགོ་འཛུགས་བྱས་ཏེ། རྒྱལ་ས་ཝ་ཤིན་ཊོན་བར་དུ་གོམ་བགྲོད་བྱས་ཏེ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ཐོག་མར་གོམ་བགྲོད་ནང་མཉམ་ཞུགས་བྱེད་འཆར་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཨ་རིར་ཡོང་མ་ཐུབ་པར་བརྟེན། ཨ་རི་དང་ཁེ་ན་ཊའི་ས་མཚམས་ནས་ཊོ་རིན་ཊོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བར་དུ་གོམ་བགྲོད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ནང་དུ་རང་བཙན་གོམ་བགྲོད་དེ་མཉམ་དུ་མཇུག་བསྒྲིལ་ཡོད་པ་རེད།

མཇུག་བསྡོམས་མཛད་སྒོའི་ཐོག་རྩོམ་པ་པོ་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར་གྱིས་རང་བཙན་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་གསུང་བཤད་སྐབས། “ང་ཚོའི་གོམ་བགྲོད་ནང་རང་དབང་རང་བཙན་གྱི་དགོས་འདུན་འདོན་དགོས་དོན་ནི། དགྲ་བོ་རྒྱ་ནག་གིས་འདི་ལོར་བོད་དེ་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་༧༠ འཁོར་བ་ཡིན་པའི་རྫུན་གཏམ་ཧམ་བཤད་བྱས་ཏེ་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། དངོས་ཡོད་གནས་ཚུལ་ལོ་༦༠ དང་༧༠ རིང་དགྲ་བོ་རྒྱ་ནག་གི་བཙན་འཛུལ་འོག་བོད་ལ་ཁྲག་དང་མིག་ཆུ་ལས་གང་ཡང་རག་ཡོད་པ་མ་རེད། རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ཡིན་ཟེར་བ་རྫུན་གཏམ་ཡིན་པ་ར་སྤྲོད་ཆེད་ང་ཚོས་གོམ་བགྲོད་དེ་བྱས་པ་ཡིན་”ཞེས་དང་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ཡིན་པ་གསལ་འདོན་ཆེད་དང་བོད་རང་དབང་རང་བཙན་སླར་གསོར་རྒྱབ་སྐྱོར་རག་ཆེད་དུ་ཡིན་སྐོར་གསུངས་འདུག

གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ནིའུ་ཡོག་ནས་རྩོམ་པ་པོ་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར་དང་། ཨ་རིའི་ཧྤེ་ན་ཌོ་ཕེ་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཆོས་ཉིད། ཆི་ཁ་ཀོ་ནས་བློ་བཟང་ཡེ་ཤེས། ནིའུ་ཡོག་ནས་སྤེན་པ་ཚེ་རིང་། ནིའུ་ཡོག་ནས་མིག་མར་སྒྲོལ་མ་བཅས་དང་། སི་ཡ་ཊལ་ནས་ཡིན་པ་པར་པ་མཁྱེན་རབས་དཔལ་ལྡན། ནིའུ་ཡོག་ནས་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་དབང་འདུས་ཀྱིས་རླངས་འཁོར་བསྐོར་ནས་གོམ་བགྲོད་པའི་དགོས་མཁོའི་ཅ་ལག་འཁྱེར་རོགས་དང་སྡོད་གནས་ས་ཚིགས་གྲ་སྒྲིག་ཆེད་དུ་ཡོང་ཡོད་པ་རེད། ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ཐོག་མར་གོམ་བགྲོད་ནང་མཉམ་ཞུགས་བྱེད་འཆར་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཨ་རིར་ཡོང་མ་ཐུབ་པར་བརྟེན། ཨ་རི་དང་ཁེ་ན་ཊའི་ས་མཚམས་ནས་ཊོ་རིན་ཊོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བར་དུ་གོམ་བགྲོད་བྱེད་རྒྱུ་ཉིན་དེར་མཉམ་དུ་འགོ་འཛུགས་དང་མཉམ་དུ་མཇུག་བསྒྲིལ་བྱས་ཡོད་པ་རེད། དེ་བཞིན་ལས་འགུལ་དེའི་ནང་ཉིན་གཅིག་གཉིས་རིང་མཉམ་ཞུགས་བྱེད་མཁན་མང་པོ་བྱུང་ཡོད་པ་དང་ལས་འགུལ་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་བྱས་ཡོད་པ་རེད།

༢༠༢༡ལོའི་ཕྱི་ཟླ་༢ཚེས་༡༣ཉིན་ནིའུ་ཡོག་ནས་གོམ་བགྲོད་པས་ལས་འགུལ་གྱི་དགོས་འདུན་གསལ་བསྒྲགས་སྤེལ་བའི་ནང་དོན་ཚན་༦འཁོད་ཡོད་པ་དང་།༡རྒྱ་ནད་ཀྱིས་འཛམ་གླིང་མི་མང་2,385,405བསད་པའི་འགན་འཁྲི་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་།འཛམ་གླིང་མི་མང་ནས་བརྡ་འདེད་དང་ངོ་རྒོལ་བྱ་དགོས།༢།རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་བཙོན་པ་རྣམས་ངལ་རྩོལ་བཀོལ་ནས།ཅ་དངོས་བཟོ་སྐྲུན་བྱེད་ཀྱི་ཡོད་པས།རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས།༣།ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དོན་དང་།བོད་རང་བཙན་སླར་གསོ་ལ་ཨ་རིའི་གཞུང་དམངས་གཙོས་རྒྱལ་སྤྱིས་ངོས་ལེན་བདེན་རྒྱབ་གནང་རོགས།༤།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས།༥།བོད་མིའི་རང་དབང་སྒེར་ལངས་དང་།རང་ལུས་མེར་སྲེག་གི་གཙོས་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གང་ཡིན་སྐོར་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་བརྒྱུད།བོད་མིའི་རྩ་དོན་འགྲུབ་པར་ཨ་རིའི་གཞུང་མང་གིས་བདེན་རྒྱབ་གནང་རོགས།༦།རྒྱ་ནག་གིས་བོད་དང་།ཤར་ཏུར་ཀི་སི་ཐན།ལྷོ་སོགམན་ཇུ་བཅས།ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་།ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་དང་།སིམ་འཛུལ་གྱིས་རྒྱལ་སྤྱིའི་རང་དབང་དང་།བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས།རྒྱལ་སྤྱིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས།།

གསར་འགོད་པ་ཆོས་ཉིད་འོད་ཟེར།