མཐའ་མ་དེར་དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་བར་གྲོས་མཐུན་ཞིག་བྱུང་འདུག
དབྱིན་ཡུལ་མི་མང་གིས་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་འོས་ཤོག་འཕངས་ནས་ལོ་བཞི་དང་ཕྱེད་ཀའི་རྗེས་སུ། དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་གཉིས་བར་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་བཞག་ཐུབ་འདུག་པ་དང་། དེ་ལ་བརྟེན་ནས་དབྱིན་ཡུལ་ནང་དུ་དཀའ་ངལ་ཆེན་པོ་ཞིག་གཡོལ་ཐུབ་པ་བྱུང་འདུག
ཟླ་༡༢ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༤ ཉིན་དབྱིན་ཡུལ་གཞུང་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་ཟིན་པའི་རྗེས་ལ་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་སོགས་ཀྱི་ཐོག་གྲོས་མཐུན་ཞིག་བཞག་ཐུབ་ཡོད་པ་གསལ་བསྒྲགས་བྱས་འདུག དེ་ཡང་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས་ཡུ་རོབ་ཡོངས་ལ་ཕན་པའི་གྲོས་མཐུན་ཚད་ལྡན་ཞིག་འཇོག་ཐུབ་སོང་བ་དང་། ཟླ་༡ པའི་ཚེས་༡ ཉིན་ནས་དབྱིན་ཡུལ་གྱིས་སོ་སོའི་མདུན་ལམ་དང་ཁྲིམས་ལུགས་ལ་སྟངས་འཛིན་བསྐྱར་ལེན་བྱེད་རྒྱུ་ཡིན་པ། དབྱིན་ཡུལ་གྱི་ཁྲིམས་ལུགས་དབྱིན་ཡུལ་གྱི་གྲོས་ཚོགས་གཅིག་པུས་གཏན་འབེབས་བྱེད་རྒྱུ་ཡིན་ཁར། ཁྲིམས་དེ་དག་ལག་བསྟར་དང་འགྲེལ་བརྗོད་དབྱིན་ཡུལ་གྱི་ཁྲིམས་ཁང་གིས་བྱེད་རྒྱུ་ཡིན་པས། ཡུ་རོབ་མཐུན་ཚོགས་ཀྱི་ཁྲིམས་ཁང་གི་དབང་ཚད་མཇུག་བསྒྲིལ་རྒྱུ་རེད་ཅེས་རྒྱལ་ཞེན་གྱི་སྐད་ཆ་བཤད་འདུག
དེ་ཡང་ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་བར་ཨ་སྒོར་ཐེར་འབུམ་༨༩༣ གྱི་ཚོང་འབྲེལ་གྲོས་མཐུན་བཞག་ཐུབ་པ་བྱུང་ཡོད་འདུག གྲོས་མཐུན་ནང་དུ་ཕྱོགས་གཉིས་བར་གྱི་ཚོང་ཟོག་ལ་སྒོ་ཁྲལ་དང་བགོ་སྐལ་མེད་པ། ཕྱོགས་གཉིས་བར་རང་དབང་གི་འགྲུལ་བཞུད་མེད་པ་ཆགས་འདུག་པས། དབྱིན་ཡུལ་གྱི་མི་སེར་རྣམས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་སློབ་སྦྱོང་དང་ལས་ཀ ཚོང་ལས། གནས་སྡོད་སོགས་བྱེད་པར་ཐོངས་མཆན་ཞུ་དགོས་པ་ཆགས་ཀྱི་ཡོད་འདུག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། ངལ་རྩོལ་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐོག་མཉམ་ལས་བྱེད་རྒྱུ་རེད་འདུག
གལ་ཏེ་ཕྱི་ལོ་༢༠༢༡ ལོའི་ཟླ་༡ པོའི་ཚེས་༡ ཉིན་ཕྱོགས་གཉིས་བར་གྲོས་མཐུན་འཇོག་ཐུབ་མེད་ཚེ། གྲོས་མཐུན་མེད་པའི་གནས་སྟངས་ཆགས་རྒྱུ་ཡིན་འདུག་པས། དེ་ལ་བརྟེན་ནས་དབྱིན་ཡུལ་ནང་དུ་སྨན་དང་ཟ་ཆས་སོགས་ནང་འདྲེན་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད། དེའི་རྗེས་ཀྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡང་གྲོས་ཚོགས་ནང་ཁོང་གིས་དང་ཡུ་རོབ་མཐུན་ཚོགས་མཉམ་དུ་བཞག་པའི་གྲོས་མཐུན་ལ་རྒྱབ་སྐྱོར་ཐེངས་ཁ་ཤས་མ་ཐོབ་པས་དགོངས་པ་ཞུས་ཡོད་པ་དང་། དེའི་རྗེས་སུ་ད་ལྟའི་སྲིད་བློན་བྷོ་རི་སེ་ཇོན་སོན་རྙིང་ཞེན་ཚོགས་པའི་འགོ་ཁྲིད་དུ་འདེམས་ཐོན་བྱུང་ནས། དབྱིན་ཡུལ་གྱི་སྲིད་བློན་ཆགས་ཡོད་པ་རེད།
སྲིད་བློན་ཁོང་གིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ལ། གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཆེད་དུ། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་དགོས་རྒྱུ་གལ་ཆེན་ཆགས་ཡོད་པས། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་པའི་གྲོས་འཆར་ཐེངས་བཞི་བཏོན་རྗེས། ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོའི་ཟླ་༡༢ པའི་ཚེས་༡༢ ཉིན་དབྱིན་ཡུལ་ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཏེ། གྲུབ་དོན་དུ་རྙིང་ཞེན་ཚོགས་པར་རྐུབ་སྟེགས་༣༦༠ ཐོབ་ནས་དགོས་ངེས་མང་མོས་ཀྱི་རྐུབ་སྟེགས་གྲངས་༣༢༦ ལས་མང་བ་ཆགས་ཡོད་པ་རེད་ལ། རྗེས་སུ་གྲོས་ཚོགས་ནང་དུ་ཡང་ཁོང་གི་གྲོས་མཐུན་ལ་རྒྱབ་སྐྱོར་ཐོབ་ནས། ཕྱི་ལོ་༢༠༢༠ ལོའི་ཟླ་༡ པོའི་ཚེས་༣༡ ཉིན་ནས་ཟླ་༡ པོའི་ཚེས་༣༡ ཉིན་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་བྱས་ཡོད་ཁར། དེའི་རྗེས་ཀྱི་ཟླ་བ་༡༡ རིང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐོག་གྲོས་མོལ་བྱས་ནས། དུས་བཀག་དུས་ཚོད་མ་སླེབས་པའི་སྔོན་དུ་གྲོས་མཐུན་བཞག་ཐུབ་པ་བྱུང་འདུག
དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་དངོས་སུ་ཕྱིར་འཐེན་བྱས་ཟིན་པ་མ་ཟད། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐོག་གྲོས་མཐུན་བཞག་ཐུབ་ཡོད་པས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ཅིག་ནང་དུ་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པའི་སྲིད་དོན་ཚོགས་པ་ཚོས། སོ་སོའི་རྒྱལ་ཁབ་ཀྱང་མཐུན་ཚོགས་ནས་ཕྱིར་འཐེན་དགོས་པའི་ལས་འགུལ་སྤེལ་བའི་ཉེན་ཁ་ཡང་ཡོད་འདུག་པས། དེ་ལ་བརྟེན་ཡུ་རོབ་ནང་དུ་བརྟན་ལྷིང་ལ་ཡང་གནོད་ཉེན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།