ཞི་བའི་ངོ་རྒོལ་བའི་ཁྲོད་དུ་མེ་མདའ་བརྒྱབ་ནས་མང་པོ་ཞིག་བསད་འདུག

དེང་གི་ཆར་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ནང་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པའི་ཁྲོད་དུ། གླིང་ཕྲན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ནཱེ་ཇི་རི་ཡ་ནང་དུ། དམག་མིས་ཞི་བའི་ངོ་རྒོལ་བའི་ཁྲོད་དུ་མེ་མདའ་བརྒྱབ་ནས་ངོ་རྒོལ་བ་མང་པོ་ཞིག་བསད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག 

ཟླ་༡༠ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ནཱེ་ཇི་རི་ཡ་(Negeria)ཡི་ནང་དུ་བདུན་ཕྲག་གཉིས་ཀྱི་སྔོན་ནས། གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཚེས་༢༠ ཉིན་ཆུ་ཚོད་༢༤ རིང་འགྲོ་སྐྱོད་བཀག་སྡོམ་གྱི་བཀའ་རྒྱ་བཏང་ཡོད་འདུག་པ་དང་། སྐབས་དེར་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་གྲས་ལཱ་གྷོ་སེ་ཞེས་པའི་ནང་དུ། ངོ་རྒོལ་བའི་རུ་ཁག་ཆུང་ཆུང་ཞིག་གིས་འགྲོ་སྐྱོད་བཀག་སྡོམ་གྱི་བཀའ་རྒྱར་རྩིས་མེད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པའི་སྐབས་སུ། དམག་མིས་ངོ་རྒོལ་བའི་ཁྲོད་དུ་མེ་མདའ་བརྒྱབ་ནས་ཉུང་མཐར་མི་གྲངས་༡༢ བསད་ཡོད་འདུག་པ་དང་། མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག དམག་མིས་མི་མང་ཁྲོད་དུ་མེ་མདའ་བརྒྱབ་པའི་གནས་ཚུལ་དེ་རྫུན་མ་ཡིན་སྐོར་བསྒྲགས་བཞིན་འདུག་ཀྱང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ངོ་རྒོལ་བ་ཚོས་ཐད་གཏོང་བརྙན་ཐུང་ནང་མེ་མདའི་སྐད་གོ་ཡི་ཡོད་པ་ཁྱབ་སྤེལ་ཆེན་པོ་སོང་འདུག་པས། བྱེད་སྟངས་དེ་ལ་བརྟེན་ནས་མི་མང་ནས་ངོ་རྒོལ་ལས་འགུལ་ཤུགས་ཆེ་རུ་གཏོང་སྲིད་པ་ཡིན་འདུག 

ནཱེ་ཇི་རི་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཁོ་ཚོར་དམག་མིས་མེ་མདའ་བརྒྱབ་ཡོད་པའི་དཔང་རྟགས་གསལ་པོ་ཐོབ་ཡོད་སྐོར་བསྒྲགས་འདུག གནད་དོན་དེ་དང་འབྲེལ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ཧཱི་ལ་རི་ཁེ་ལིན་ཊོན་གྱིས། ནཱེ་ཇི་རི་ཡའི་སྲིད་འཛིན་དང་དམག་མིས་ལོ་གཞོན་གྱི་ངོ་རྒོལ་བ་དམར་གསོད་གཏོང་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་འདུག་པ་དང་། དེ་བཞིན་རྒྱལ་ཁབ་དེའི་རྐང་སྤོལ་རྩེད་མོ་བ་གྲགས་ཅན་(Odion Jude Ighalo) ཡིས། གཞུང་གིས་སོ་སོའི་མི་སེར་གསོད་ཀྱི་ཡོད་པར་ཉེས་འཛུགས་བྱས་ནས། གཞུང་དེ་ལ་བརྟེན་ནས་ཁོང་ངོ་ཚ་ཡི་ཡོད་སྐོར་བསྒྲགས་འདུག 

ངོ་རྒོལ་བ་ཞིག་གིས་དམག་མིས་ངོ་རྒོལ་བའི་ཁྲོད་དུ་ཐད་ཀར་མེ་མདའ་བརྒྱབ་ཡོད་པ་དང་། དེ་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་མེ་མདའ་བརྒྱབ་ཡོད། དེ་བཞིན་ཉེན་རྟོག་པས་རགས་བརྒྱབ་ཡོད་པས་མྱུར་སྐྱོབ་རླངས་འཁོར་ངོ་རྒོལ་བའི་ས་ཚིགས་སུ་སླེབས་མི་ཐུབ་པ་ཆགས་ཡོད་སྐོར་བརྗོད་འདུག 

གྲོང་ཁྱེར་དེའི་སྤྱི་ཁྱབ་ཀྱི་མགྲིན་ཚབ་པས་མེ་མདའ་བརྒྱབ་པའི་གནད་དོན་ངོས་ལེན་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བསྒྲགས་པ་དང་། དེ་བཞིན་སྤྱི་ཁྱབ་པས་ནག་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་དེ་སྒེར་གྱི་ཁེ་ཕན་ཆེད་དུ་བེད་སྤྱོད་བྱས་ཡོད་སྐོར་བསྒྲགས་འདུག

དྲ་ཐོག་ཏུ་མི་ཁག་ཅིག་གིས་ངོ་རྒོལ་ས་ཚིགས་སུ་དམག་མི་མ་སླེབས་པའི་སྔོན་དུ། ཁུལ་དེར་ཡོད་པའི་བལྟ་སྲུང་བརྙན་ཆས་དང་ལམ་གློག་རྣམས་བསད་ཡོད་སྐོར་བརྗོད་བཞིན་འདུག 

དེ་ཡང་བདུན་ཕྲག་གཉིས་ཙམ་གྱི་སྔོན་དུ། མི་མང་གིས་ཇག་ཚོགས་འཐབ་རྒོལ་གྱི་དམིགས་བསལ་ཉེན་རྟོག་རུ་ཁག་གིས། མི་མང་གང་བྱུང་འཛིན་བཟུང་དང་རྡུང་རྡེག་སོགས་ཁྲིམས་འགལ་གྱི་ལས་ལ་འཇུག་གི་ཡོད་པས། རུ་ཁག་དེ་རྩ་མེད་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ཟླ་༡༠ པའི་ཚེས་༡༡ ཉིན་རུ་ཁག་དེ་རྩ་མེད་བཟོས་ཡོད་འདུག དེའི་རྗེས་སུ་མི་མང་གིས་བདེ་སྲུང་རུ་ཁག་གི་ལས་དོན་བྱེད་ཕྱོགས་ལ་བཅོས་སྒྱུར་དགོས་པ་དང་། རྒྱལ་ཁབ་ཀྱི་འཛིན་སྐྱོང་ལམ་ལུགས་ལ་ཡང་བཅོས་སྒྱུར་དགོས་པའི་དགོས་འདུན་གྱིས་ལས་འགུལ་མུ་མཐུད་སྤེལ་བཞིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།