འགྲོ་བ་མིའི་ཐོབ་ཐང་དང་པོར་འཇོག་མཁན་ཚོགས་པ་ཞིག་གིས་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷེར་ལ་གཟེངས་རྟགས་ཤིག་འབུལ་གཏན་ཁེལ་འདུག
ཟླ་འདིའི་ཚེས་༡ ཉིན་འགྲོ་བ་མིའི་ཐོབ་ཐང་དང་པོ་འཇོག་མཁན་དང་དབྱིན་ཡིག་ཏུ་༼Human Rights First༽ ཞེས་པའི་ཚོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༤ ཉིན། ཚོགས་པས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་གྷོ་ཐམ་༼Gotham Hall ༽ ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་ནང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷེར་ལ་གཟིགས་རྒྱང་རིང་བའི་བྱ་དགའ་༼Visionary Award༽ ཞེས་པ་འབུལ་གཏན་ཁེལ་འདུག

གཟིགས་རྒྱང་རིང་བའི་བྱ་དགའ་དེ་ནི་ཚོགས་པས་མི་ཞིག་གི་ཤུགས་རྐྱེན་དང་། ལས་རིགས་ཀྱི་གྲུབ་འབྲས། གསར་གཏོད་བཅས་བེད་སྤྱད་དེ་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་བཞག་ནས་ལས་ཀ་བྱེད་མཁན་དང་ནུས་པ་འདོན་མཁན་ཚོ་ལ་ངོས་འཛིན་ཡོང་ཆེད་གསར་བཟོ་བྱས་པ་ཞིག་ཡིན་འདུག
སྐུ་ཞབས་རི་ཆར་ཌི་གྷེར་ནི་རྒྱལ་སྤྱིའི་ནང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་དུས་ཡུན་རིང་པོར་སྒྱུ་རྩལ་དང་འཁྲབ་སྟོན། པར་རིས་སྒྱུ་རྩལ་བཅས་ཀྱི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་། ལྷག་པར་དུ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རི་བོད་ཁང་གཉིས་སུ་གཙོ་འགན་བཞེས་ནས་བོད་དོན་དྲིལ་བསྒྲགས་དང་། རྒྱ་གཞུང་ལ་ངོ་རྒོལ་གྱི་ཕྱག་ལས་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་མ་ཟད། ཁོང་གིས་ཕྱི་ལོ་༡༩༩༡ ལོར་གསར་འཛུགས་གནང་བའི་གྷེར་ཐེབས་རྩ་ཁང་བརྒྱུད་ནས་ད་བར་ལོ་ངོ་བཅུ་ཕྲག་མང་པོའི་རིང་། འཛམ་གླིང་ཁྱོན་གྱི་གཉན་ནད་རེག་དུག་ན་མཁན་དང་སྐྱབས་བཅོལ་བ་སོགས་ལ་རོགས་རམ་ཕོན་ཆེན་བྱས་ཡོད་འདུག
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་དང་འགྲོ་བ་མིའི་ཐོབ་ཐང་དང་པོ་ཞེས་པའི་ཚོགས་པའི་སྤྱི་ཁྱབ་འགོ་འཛིན་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་སྐུ་ཞབས་རི་ཆར་ཌ་གྷེར་ཡིས་སྒྱུ་རྩལ་གྱི་ནུས་པ་དེ་དྲང་བདེན་གྱི་ཞབས་ཞུར་བེད་སྤྱོད་གནང་བའི་སྙིང་སྟོབས་མཚོན་གྱི་ཡོད་པ་དང་། ཁོང་གི་ཕྱག་ལས་དག་གིས་འགྲོ་བ་མིའི་ཐོབ་ཐང་ནི་མི་རེ་ངོ་རེ་ལ་ཡོད་པ་དང་། མི་ཚང་མར་ཐོབ་ཐང་དེ་དག་རག་འོས་པ་ཞིག་ཡིན་པ་ང་ཚོར་བསྐྱར་དུ་དྲན་སྐུལ་གནང་ཡོད་པ་སོགས་བརྗོད་འདུག
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་སུ། ཁྲིམས་དོན་ཞབས་ཞུ་རིན་མེད་དུ་གནང་མཁན་གྱི་ཕུལ་བྱུང་གི་ཁྲིམས་རྩོད་པ་སྐུ་ཞབས་མ་བྷིན་ཨི་ཕིང་ཁལ་༼Marvin E. Frankel༽ ལ་ཁྲིམས་ལུགས་ཞབས་ཞུའི་བྱ་དགའ་སོགས། མཛད་རྗེས་ཅན་གྱི་མི་སྣ་མང་པོ་ལ་བྱ་དགའ་འབུལ་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་ཚོའི་ཕྱག་ལས་ཀྱིས་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་གདོང་ལེན་བྱེད་པར་སྙིང་སྟོབས་དང་། བྱམས་བརྩེ། དེ་བཞིན་གཟིགས་རྒྱང་རིང་བའི་བློ་གྲོས་ཀྱི་དཔེ་མཚོན་ཞིག་སྟོན་གྱི་ཡོད་པ་བཅས་མཚོན་གྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།