འཇའ་ལམ་ཁྲ་མོ་ཞེས་པའི་སྒྲུང་རིང་ཐོག་མ་དེ་དབུ་འབྱེད་གནང་སོང་།
ཟླ་འདིའི་ཚེས་༣༠ ཉིན་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་འཚོ་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་། དེ་བཞིན་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཁ་གཅིག་མཉམ་ཞུགས་ཐོག་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་རྩོམ་པ་པོ་ཨ་ཁུ་པདྨ་འབུམ་གྱིས་བརྩམས་པའི་འཇའ་ལམ་ཁྲ་མོ་ཞེས་པའི་སྒྲུང་རིང་ཐོག་མ་དེ་དབུ་འབྱེད་གནང་སོང་།

སྐབས་དེ་རྩོམ་སྒྲིག་པ་པདྨ་འཚོ་ཡིས་རྩོམ་པ་པོ་པདྨ་འབུལ་ལ་མཚོན་ན། ནུབ་ཕྱོགས་སུ་ཕེབས་ནས་ཧ་ལམ་ལོ་ངོ་སུམ་ཅུ་དེ་འདྲ་འགྲོ་ཡི་ཡོད་ས་རེད། ཡིན་ན་ཡང་། དུས་ད་ལྟ་ཡིན་ཡང་མུ་མཐུད་ནས་བོད་ཀྱི་སྐད་ཡིག་གི་ཐོག་ལ་ཕྱག་ལས་གནང་དང་གནང་བཞིན་པ་དེ་ལ་ཕྱོགས་གཅིག་ནས་ང་ཚོ་ཚང་མས་མིག་དཔེ་ལྟ་དགོས་རྒྱུ་དང་། གཉིས་ནས་དགའ་དགོས་རྒྱུའི་གནས་ཚུལ་ཞིག་རེད་ཅེས་གསུངས་སོང་།
དེ་བཞིན་རྩོམ་པ་པོ་པདྨ་འབུམ་གྱི་བརྙན་ལམ་བརྒྱུད་ཁོང་ཉིད་ཀྱི་སྒྲུང་རིང་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཁོང་གིས་དེ་རིང་ནི་ང་ལ་མཚོན་ན་དམིགས་བསལ་གྱི་ཉིན་ཞིག་རེད། ངའི་མི་ཚེའི་ནང་སྒྲུང་རིང་དང་པོ་དེ་བརྩམས་ནས་འགྲེམས་སྤེལ་བྱེད་ཀྱི་ཡོད་རེད། སྒྲུང་རིང་ཞིག་རྩོམ་འདོད་ནི་ལོ་གཞོན་དུས་ནས་ཡོད་རུང་། རེ་བ་དེ་རྒན་འཁོགས་སྤོ་ཆགས་དུས་མ་གཏོགས་སྒྲུབ་ཡོད་མ་རེད་ཅེས་གསུངས་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་མཁན་པོ་འཇུ་བསྟན་སྐྱོང་གིས་སྤྱིར་སྒྲུང་རྩོམ་དེ་གལ་ཆེན་ཡིན་ཡང་། ང་ཚོས་ཕྱི་མིག་བལྟས་ན། ང་ཚོ་ལ་སྒྲུང་རིང་དང་སྒྲུང་འབྲིང་། སྒྲུང་ཐུང་སོགས་ཀྱི་གྲངས་ཀ་ཧ་ཅང་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་བཙན་བྱོལ་དུ་ཡོང་མཁན་ཚོ་ལ་ཡུལ་དུས་འཁོར་ཡུག་སོགས་ཀྱི་གནས་སྟངས་དང་། ང་ཚོའི་མི་རིགས་ཀྱི་གནས་སྟངས་དང་མི་སྒེར་གྱི་འཚོ་བ་སྐྱེལ་སྟངས་སོགས་ལ་བལྟས་ན། ང་ཚོ་ལ་སྒྲུང་སྙན་པོ་དང་སྒྲུང་མང་པོ་ཡོད་དགོས་རྒྱུ་ཞིག་ཡིན་རབས་དང་། བོད་ནང་ཡོད་མཁན་ཚོས་བོད་ནང་གི་དངོས་ཡོད་འཚོ་བ་ཇི་ལྟ་བ་ཞིག་འབྲི་རྒྱུའི་དཀའ་ངལ་ཆེན་མོ་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།
འཇའ་ལམ་ཁྲ་མོ་ཞེས་པའི་སྒྲུང་རིང་དེ་ནི་རྩོམ་པ་པོ་པད་མ་འབུམ་གྱིས་ཉེ་ཆར་བརྩམས་པའི་ཁོང་ཉིད་ཀྱི་སྒྲུང་རིང་ཐོག་མ་དེ་ཡིན་ཞིང་། སྒྲུང་རིང་དེའི་ནང་དུ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མཇུག་གི་བོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་སུ་བླངས་ནས། ཨ་མདོའི་གྲོང་གསེབ་ཅིག་ནས་གྲྭ་པ་ལུང་རིགས་ཞེས་པ་ཞིག་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ཚུལ་བྲིས་ཡོད། དུས་སྐབས་དེ་ནི་བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕྱོགས་གང་ཐད་ནས་ཡོ་འཁྱོམ་རང་བཞིན་གྱི་འགྱུར་བ་སོང་བའི་དུས་སྐབས་ཤིག་ཡིན་ལ། རྩོམ་པ་པོས་སྒྲུང་ནང་གི་མི་སྣ་གཙོ་བོ་ལུང་རིགས་ཀྱི་མཐོང་ཐོས་མྱོང་གསུམ་བརྒྱུད་ནས་དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་མངོན་ཐབས་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།