འཕགས་བོད་ས་མཚམས་ཀྱི་སྤང་ཀོང་མཚོ་ཁར་རྒྱ་ནག་གིས་ཟམ་པ་གསར་འཛུགས་བྱེད་བཞིན་འདུག
ཟླ་འདིའི་ཚེས་༡༨ ཉིན་(WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་བྱུང་ས་དང་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་སྤང་ཀོང་མཚོ་ཁར་ད་ལྟའི་ཆར་རྒྱ་ནག་གིས་ཟམ་པ་གསར་པ་ཞིག་གསར་འཛུགས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༢༠ ལོ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་རྩོད་བྱུང་ནས་ཁུལ་དེར་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་བ་དང་། རྒྱ་ནག་གི་དམག་མི་༤༠ ལྷག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པའི་གནས་ཚུལ་སྤེལ་འདུག
ཕྱི་ལོ་༢༠༢༡ གི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་སྤང་ཀོང་མཚོའི་ས་ཁུལ་དུ་ཟམ་པ་ཐོག་མ་དེ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ལོ་འདིའི་ཕྱི་ཟླ་བཞི་པའི་ནང་ལེགས་གྲུབ་ཟིན་ཡོད་པ་དང་། ཟམ་པ་དེ་ནི་གཙོ་བོ་ཟམ་པ་གཉིས་པ་གསར་འཛུགས་ལ་མཁོ་བའི་ཅ་ལག་འདྲེན་བྱེད་དུ་འཛུགས་སྐྲུན་བྱས་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་གར་གྱི་ས་མཚམས་སུ་དམག་གི་འགྲུལ་འཁོར་འོར་འདྲེན་བྱེད་ཆེད་ཡིན་པ་སོགས་ཀྱི་གླེང་སློང་བྱེད་བཞིན་ཡོད་འདུག
ཟམ་པ་གཉིས་པ་དེའི་ཁ་ཞེང་དུ་མི་ཊར་༡༠ དང་རིང་ཚད་མི་ཊར་༤༥༠ ཡོད་འདུག་པས། ཟམ་པ་དང་པོ་དང་བསྡུར་ན་ཕྱོགས་ཡོངས་ནས་ཆེ་བ་ཡོད་འདུག་ལ། ཟམ་པ་དེ་གསར་འཛུགས་བྱེད་འགོ་བརྩམས་ནས་ད་བར་བདུན་ཕྲག་གསུམ་ཕྱིན་ཡོད་པའི་གནས་ཚུལ་འདུག
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་སུ་ད་བར་གྲོས་མོལ་ཐེངས་༡༥ བྱས་ཀྱང་། ད་དུང་ཡང་ས་ཁུལ་གསུམ་ཙམ་ཞིག་གི་གནད་དོན་ཐོག་ཐག་གཅོད་མ་ཐུབ་པར་ལྷག་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།