འབྲི་རུ་རྫོང་ནས་་མི་འགའ་འཛིན་བཟུང་བྱས་ཡོད་འདུག
གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་གཞུང་གི་དམ་དྲག་དང་དྲག་གནོན་ཆེ་བའི་བོད་འབྲི་རུ་རྫོང་ནས་སླར་ཡང་བོད་འགའ་འཛིན་བཟུང་བྱས་ཡོད་འདུག་ཀྱང་། ལོ་ན་ ༤༤ ལ་སོན་པའི་བརྒྱ་བྱིན་ཟེར་བའི་སྐྱེས་པ་ཞིག་ལས། གཞན་རྣམས་སུ་ཡིན་གྱི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མི་འདུག
གནས་ཚུལ་མཁོ་སྤྲོད་པ་ས་གནས་སུ་རྒྱུས་ཡོད་ཅིག་གིས་འདི་གའི་གསར་ཁང་དུ་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་༤ པ་ཡས་མས་སུ་རྒྱ་གཞུང་གིས་འབྲི་རུ་རྫོང་ཙཱ་ལ་ཡུལ་ཚོ་མེ་རི་གྲོང་ཚོ་ནས་བོད་མི་འགའ་འཛིན་བཟུང་བྱས་ཡོད་འདུག་རུང་། རྒྱ་ནག་གི་དམ་དྲག་འོག་བརྒྱ་བྱིན་ཞེས་པ་ཞིག་ལས་གཞན་པ་རྣམས་སུ་ཡིན་པ་གསལ་པོ་ཤེས་རྟོགས་ཡོང་ཐབས་བྲལ་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་པ་ལྟར་ན། བརྒྱ་བྱིན་ནི་ད་ལོ་རང་ལོ་ ༤༤ དང་ཕྲུ་གུ་བཞི་ཡི་ཨ་ཕ་ཡིན་འདུག་པ་དང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་ནི་ཁོང་གིས་ཕྱི་ཕྱོགས་སུ་ཡོད་པའི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱས་པས་ཡིན་ཚུལ་ཙམ་ལས། ཞིབ་ཕྲའི་རྒྱུ་མཚན་རྣམས་ཤེས་རྟོགས་ཐུབ་མི་འདུག
དེང་སྐབས་རྒྱ་ནག་གིས་འབྲི་རུ་རྫོང་དུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་སྟབས། ཕྱི་ལོགས་སུ་ཡོད་པའི་འབྲི་རུ་བ་ཚོས་ཕ་ཡུལ་དུ་འབྲེལ་བ་བྱེད་དཀའ་བ་དང་། འབྲེལ་བ་བྱེད་དུས་ཀྱང་ཡུལ་མི་ཚོས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་སྐོར་གླེང་རྒྱུར་ཞེད་སྣང་དང་དོགས་ཟོན་ཤིན་ཏུ་ཆེན་པོ་བྱེད་ཀྱིན་ཡོད་པར་བརྟེན། འཛིན་བཟུང་བྱས་པའི་མི་དེ་དག་གི་མིང་གང་ཡིན་དང་། བཙོན་ཁང་གང་དུ་བཅུག་ཡོད་པ།ཉེས་མིང་ཅི་ཞིག་གཡོགས་པ། ཁྲིམས་ཆད་ཀྱི་དུས་ཡུན་ཇི་ཙམ་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་ཐབས་བྲལ་ཡོད་འདུག
འདས་པའི་ལོ་ཤས་ནང་ལ་རྒྱ་ནག་གཞུང་གིས་ནག་ཆུ་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་གསུམ་སྟེ། སྦྲ་ཆེན་རྫོང་དང་། སོག་རྫོང་། འབྲི་རུ་རྫོང་བཅས་སུ་དྲམ་དྲག་དང་དྲག་གནོན་ཚད་མེད་བྱེད་ཀྱིན་ཡོད་པས། མི་མང་པོ་ཞིག་ཉེས་མེད་ཉེས་འདོགས་ཀྱིས་བཙོན་དུ་འཇུག་པ་དང་།བཙོན་དུ་བཅུག་པ་རྣམས་ལ་ཁྲིམས་མེད་ལུགས་མེད་ཀྱི་སྡུག་སྦྱོང་མནར་གཅོད་བྱས་ཏེ་ཚེ་སྲོག་ཤོར་བ་ཡང་དུ་མ་བྱུང་ཡོད་པ་མ་ཟད། དྲ་རྒྱའི་བརྒྱུད་ལམ་དམ་དྲག་འོག མཚམས་རེར་་ནང་མི་བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་ནང་མི་དང་བདེ་སྡུག་གི་སྐད་ཆ་ཙམ་བཤད་རྒྱུའི་གོ་སྐབས་བྱུང་ནའང་ན། ཉེས་འཛུགས་འདྲ་མིན་གྱི་སྒོ་ནས་བཙོན་དུ་འཇུག་གི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
