འཛམ་གླིང་ནང་བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་གར་ཡིན་འདུག
འཛམ་གླིང་ནང་དུ་བུད་མེད་ལ་དྲག་སྤྱོད་དང་བཙན་གཡེམ་སོགས་ཀྱི་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་གར་ཡིན་འདུག་པ་དང་། ཉེན་ཚབས་ཆེ་ཤོས་ཨང་བཅུ་པ་ནི་ཨ་རི་ཡིན་པ་རེད་འདུག
ཟླ་༦ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་དབྱིན་ཡུལ་དང་ཨ་རིར་དེབ་སྐྱེལ་བྱས་པའི་ཐེབས་རྩ་ཞིག་གིས། འཛམ་གླིང་ནང་བུད་མེད་ལ་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་དང་དབྱེ་འབྱེད། རིག་གཞུང་དང་ལམ་ལུགས་ཐོག་ནས་བརྙས་བཅོས་དང་དྲག་སྤྱོད། འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད། འཁྲིག་སྤྱོད་དང་མ་འབྲེལ་བའི་དྲག་སྤྱོད། ཁྲིམས་འགལ་གྱི་བུད་མེད་ཉོ་ཚོང་བཅས་ཀྱི་ཐོག་ལ། བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་༡༠ ཡི་མིང་ཐོ་བཏོན་ཡོད་འདུག་པ་དང་། དེའི་ནང་ཨང་དང་པོ་རྒྱ་གར་དང་། དེ་ནས་ཨབ་གྷ་ནི་སེ་ཐན། སི་རི་ཡ། སཱོ་མ་ལི་ཡ། སོ་ཌི་ཨ་རབ། པཱ་ཀི་སེ་ཐན། ཀཱོང་གྷོ། ཡེ་མན། ནཱེ་ཇི་རི་ཡ། ཨ་རི་བཅས་ཡིན་འདུག
ཐཱོམ་སོན་རེའུ་ཊར་ཐེབས་རྩས་བཏོན་པའི་སྙན་ཐོ་དེ་ནི་བུད་མེད་ཀྱི་གནད་དོན་ཐོག་གི་ཆེད་ལས་པ་༥༥༠ ལ་བསམ་འཆར་བསྡུ་ལེན་བྱས་ཏེ་གྲུབ་འབྲས་བཏོན་པ་ཞིག་ཡིན་འདུག་པ་དང་། གྲུབ་དོན་ནང་དུ་བུད་མེད་ལ་འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད། གཡོག་མོ་དང་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་དབང་ཐོག་ནས་ཆང་ས་རྒྱག་ཏུ་འཇུག་པ། ཆགས་སྤྱོད་ཀྱི་བྲན་གཡོག། དེ་བཞིན་རིག་གཞུང་དང་ལམ་ལུགས་ཐོག་ནས་བུད་མེད་ཀྱི་མོ་མཚན་གཅོད་འབྲེག ལོ་ཚད་མ་ལོན་པའི་ཆང་ས། དྲག་རྡུང་སོགས་ཀྱི་ཐོག་ནས་འཛམ་གླིང་ནང་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་གར་ཡིན་འདུག
བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་༡༠ ཡི་ཁོངས་ནས་༩ ནི་ཨེ་ཤི་ཡ་དང་དཀྱིལ་ཤར་ཡུལ་གྲུ། ཨ་ཧྥེ་རི་ཀ་བཅས་ཡིན་འདུག་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ནས་ཨ་རི་གཅིག་པུ་ཡིན་འདུག
ཐེབས་རྩ་དེས་ཕྱི་ལོ་༢༠༡༡ ལོར་བསམ་འཆར་བསྡུ་ལེན་ཞིག་བྱས་ཡོད་པ་དང་། སྐབས་དེར་འཛམ་གླིང་ནང་བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་༥ ཡི་མིང་ཐོ་བཏོན་པའི་ནང་ཨབ་གྷ་ནི་སེ་ཐན་དང་ཀཱོང་གྷོ། པཱ་ཀི་སེ་ཐན། རྒྱ་གར་དང་སཱོ་མ་ལི་ཡ་བཅས་ཡིན་འདུག་པ་དང་། ཆེད་ལས་པ་ཚོས་ལོ་༧ རྗེས་སུ་རྒྱ་གར་ཉེན་ཚབས་ཆེ་ཤོས་ཆགས་དོན་ནི། བུད་མེད་ལ་འཕྲད་བཞིན་པའི་ཉེན་ཁ་དང་དཀའ་སྡུག་རྣམས་སེལ་ཆེད་དུ་ལས་དོན་འདོད་པ་ཚིམས་པ་བྱས་མེད་པ་སྟོན་གྱི་ཡོད་སྐོར་བརྗོད་འདུག རྒྱ་གར་གཞུང་གི་ཟིན་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༠༧ ནས་༢༠༡༦ བར་བུད་མེད་ལ་ཁྲིམས་འགལ་གྱི་བྱ་སྤྱོད་བྱས་པའི་བརྒྱ་ཆ་༨༣ འཕར་ཡོད་པ་དང་། ཆུ་ཚོད་རེར་བུད་མེད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བཞི་རེ་ཞུ་གཏུག་བྱེད་ཀྱི་ཡོད་འདུག
ལོ་འདིར་རྒྱ་གར་ནང་བུད་མེད་ལོ་ན་ཆུང་ཆུང་མང་པོ་ཞིག་ལ་བཙན་གཡེམ་བྱས་ཏེ་སྲོག་ཤོར་བ་དང་བཅད་པའི་གནས་ཚུལ་ལྷག་ཡོད་པ་དང་། ཟླ་༤ པའི་ནང་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། ཕྱི་ལོ་༢༠༡༢ ལོར་རྒྱལ་ས་ལྡི་ལིར་བུད་མེད་སློབ་མ་ཞིག་ལ་མི་ཁག་ཅིག་གིས་མི་སྤྱོད་ལས་འདས་པའི་མཉམ་རུབ་བཙན་གཡེམ་བྱས་ཏེ་སྲོག་ཤོར་རྗེས། རྒྱ་གར་ཁྱོན་ཡོངས་སུ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་གཞུང་གིས་འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད་དང་། བཙན་གཡེམ་སོགས་ལ་ཁྲིམས་ཆད་ཚབས་ཆེ་རུ་དང་། སྲོག་ཐོག་ཁྲིམས་ཆད་ཀྱང་བྱེད་ཆོག་པའི་ཁྲིམས་གསར་བཟོ་བྱས་ཡོད་པ་རེད་དེ། ཉིན་རེེར་རྒྱ་གར་གྱི་ཉེན་རྟོག་པར་བུད་མེད་ལ་འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད་གནས་ཚུལ་ཞུ་གཏུག་༡༠༠ ཙམ་བྱེད་མཁན་བྱུང་གི་ཡོད་འདུག་པ་དང་། ཉེན་རྟོག་པར་ཞུ་གཏུག་མི་བྱེད་མཁན་གྱི་གྲངས་ཐོ་ཤེས་ཐབས་བྲལ་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།