འཛམ་གླིང་རང་དབང་ཚོགས་ཆེན་དུ་བོད་ཀྱི་སྐུ་ཚབ་བཞི་ཕེབས་པ།

ཁ་སང་ཇར་མན་གྱི་རྒྱལ་ས་སྦར་ལིན་དུ་འཛམ་གླིང་རང་དབང་ཚོགས་ཆེན་ཐོག་ཏུ་སྲིད་ཟུར་བློ་བཟང་སེང་གེ་དང་། རྒྱ་གར་དུ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཟུར་པ་འཆི་མེད་ལྷ་མོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མགོན་པོ་དོན་གྲུབ་བཅས་ཁོང་རྣམ་པ་བོད་ཀྱི་སྐུ་ཚབ་བྱས་ནས་ཚོགས་ཆེན་དུ་ཕེབས་འདུག

པར། མགོན་པོ་དོན་གྲུབ་ཀྱི་ངོ་དེབ།

ཕྱི་ཚེས་༨ དང་༩ ཉིན་གཉིས་རིང་ཡོ་རོབ་ཀྱི་རྒྱལ་ཁབ་ཇར་མན་ནང་འཛམ་གླིང་རང་དབང་ཚོགས་ཆེན་ཞེས་པ་དེ་འཚོགས་ཡོད་འདུག་པ་དང་། དེའི་རྗེས་བདུན་ཕྲག་གཅིག་གི་རིང་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག ཚོགས་ཆེན་དེ་དུས་རབས་༢༠ ནང་གྲང་དམག་གི་དུས་སུ་ཇར་མན་རྒྱལ་ཁབ་དེ་ཕྱི་ལོ་༡༩༦༡ ལོར་དུམ་བུ་གཉིས་སུ་ཕྱེ་ནས་ཕྱོགས་གཅིག་ཨ་རིས་གཙོས་པའི་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ཚོས་རྒྱབ་སྐྱོར་བྱས། ཕྱོགས་གཞན་པ་དེ་ཨུ་རུ་སུའི་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་གནས་དགོས་བྱུང་ཡོད་པ་དང་། སྐབས་དེ་དུས་ཇར་མན་གྱི་རྒྱལ་སའི་ནང་གྱང་གིས་ར་བ་བསྐོར་ཏེ་ཤར་ཇར་མན་དང་ནུབ་ཇར་མན་ནུབ་ཅེས་དུམ་བུ་གཉིས་སུ་བགོས་ཡོད་ཅིང་། མཐར་འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཕྱིན་ནས་ཕྱི་ལོ་༡༩༨༩ ཟླ་བ་༡༡ ཚེས་༩ ཉིན་ཇར་མན་རྒྱལ་ཁབ་དུམ་བུར་བཏང་བའི་གྱང་གི་རྩིག་པ་དེ་གཏོར་ནས་ཇར་མན་ཕྱོགས་གཉིས་དེ་གཅིག་འགྱུར་ཆགས་པའི་ཉིན་མོ་ཡིན་པར་བརྟེན། ཉིན་མོ་དེ་འཛམ་གླིང་རང་དབང་ཉིན་མོ་ཞེས་པའི་དུས་དྲན་བརྩི་སྲུང་ཞུ་གི་ཡོད་འདུག ཁ་སང་གི་འཛམ་གླིང་རང་དབང་ཉིན་མོ་ཐེངས་༣༦ པ་ཡིན་པ་དང་།  ཉིན་མོ་དེའི་ཐོག་ཏུ་འཛམ་གླིང་གང་སར་ཡོད་པའི་རང་དབང་འཐབ་རྩོད་པ་དང་། ལས་འགུལ་བ། མཁས་པ་སོགས་མང་པོ་ཞིག་གདན་འདྲེན་ཞུས་ཡོད་འདུག ཚོགས་ཆེན་དེའི་ཐོག་ཏུ་སྲིད་ཟུར་བློ་བཟང་སེང་གེ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཟུར་པ་འཆི་མེད་ལྷ་མོ། རྒྱ་གར་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མགོན་པོ་དོན་གྲུབ་བཅས་ཁོང་རྣམ་པ་བོད་པའི་སྐུ་ཚབ་བྱས་ནས་ཚོགས་ཆེན་ཐོག་ཏུ་ཕེབས་འདུག

ཚོགས་ཆེན་དེ་དང་འབྲེལ་བསྟན་འཛིན་པ་སངས་ཀྱིས་འདི་ག་བོད་ཀྱི་བང་ཆེན་གསར་ཁང་ལ་བརྗོད་དོན། ཇར་མན་ནང་འཚོགས་པའི་འཛམ་གླིང་རང་དབང་ཚོགས་ཆེན་ཞེས་པ་དེ་ཇར་མན་གྱི་རྒྱལ་ས་སྦར་ལིན་དུ་འཚོགས་ཡོད་པ་དང་། ཚོགས་ཆེན་དེ་ཉིན་གཉིས་རིང་འཚོགས་ཡོད་ཅིང་།  དེ་བཞིན་གཅིག་བསྡུས་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་༦༠ ཙམ་ནས་ཁྱོན་ཚོགས་བཅར་བ་༡༨༠ ཙམ་ཕེབས་ཡོད་འདུག 

ཚོགས་ཆེན་དེའི་ཐོག་ཏུ་འཛམ་གླིང་གང་ས་ནས་ཕེབས་པའི་རང་དབང་འཐབ་རྩོད་པ་དང་། འགོ་ཁྲིད། མཁས་དབང་། ལས་འགུལ་བ་སོགས་མང་པོ་ཞིག་ཕེབས་ཡོད་འདུག་ཅིང་། དམིགས་བསལ་འདི་ལོ་ཕྱི་ལོ་༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཝེ་ནེ་ཛུ་ལ་ནང་རང་དབང་དང་མང་གཙོ་འཐབ་རྩོད་པ་བུད་མེད་ (María Corina Machado) ཞེས་པ་ཁོང་གིས་དྲ་ལམ་བརྒྱུད་ནས་གཏམ་བཤད་གནང་འདུག་ཅིང་། གཏམ་བཤད་ནང་ཁོང་གིས་འཛམ་གླིང་གང་སར་ཡོད་པའི་རང་དབང་འཐབ་རྩོད་པ་ཚོས་སེམས་ཤུགས་མ་ཆག་པའི་ཐོག་ནས་རང་དབང་འཐབ་རྩོད་བྱེད་དགོས་པ་དང་། སྲིད་དབང་གཅིག་བསྡུས་རིང་ལུགས་པའི་དཔོན་པོ་ཚོས་མི་མང་དྲག་པོའི་ཐོག་ནས་སྟངས་འཛིན་བྱེད་ཐུབ་ཀྱང་། ཁོ་ཚོས་ནམ་ཡང་མི་མང་གི་སེམས་ཤུགས་དང་བློ་སྟོབས་སྟངས་འཛིན་ཐུབ་ཀྱི་མ་རེད། ཁོ་ཚོའི་སྐྲག་ས་ངོ་མ་ནི་མི་མང་གི་སེམས་ཤུགས་དང་བློ་སྟོབས་ཡིན་པས། དེ་ནམ་ཡང་ཉམས་འཇུག་མི་རུང་ཞེས་བརྗོད་ནས་རང་ཉིད་ཡིན་ནའང་ད་ལྟ་དཀའ་ངལ་མང་པོ་འཕྲད་བཞིན་པ་དང་། རང་གི་ནང་མི་དང་སྤུན་མཆེད་ཚོ་ལ་གཞུང་གིས་དྲག་གནོན་འོག་ནས་དཀའ་སྡུག་མང་པོ་འཕྲད་བཞིན་ཡོད་ཀྱང་། ནམ་ཡང་སེམས་ཤུགས་མ་ཆག་པའི་ཐོག་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

དེ་རིང་ཕྱི་ཚེས་༡༠ ཉིན་སྲིད་ཟུར་བློ་བཟང་སེང་གེ་དང་། ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ (Tsai Ing-Wen) དང་གཞན་གནད་ཡོད་མི་སྣ་ཁག་ཅིག་ནས་གཏམ་བཤད་གནང་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་༩ གཟའ་ཉི་མ་ཉིན་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱས་འདུག་པ་དང་། རྒྱུན་ལས་ཁྲོད་བོད་པའི་ལས་འགུལ་བ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཟུར་པ་འཆི་མེད་ལྷ་མོ་མགྲིན་ཚབ་པར་(Spokesperson) བསྐོ་བཞག་བྱས་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།