འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་སྲུང་བརྩི་ཞུས།

ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་མོ་འདི་ནི་འཛམ་གླིང་སྐྱབས་བཅོལ་གྱི་ཉིན་མོ་ཡིན་པ་དང་། ཉིན་མོ་དེ་ནི་ཕྱི་ལོ་༢༠༠༡ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབབ་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་ལྟའི་བར་དུ་ལོ་ལྟར་རྒྱལ་ཁབ་བརྒྱ་ལྷག་གིས་སྐྱབས་བཅོས་པའི་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་(United Nation High Commission for Refugees ) ཀྱིས་བརྗོད་གསལ་ལྟར་ན། ཡུག་རེན་དང་ཡ་མན་རྒྱལ་ཁབ། ཨབ་གྷ་ནི་སི་ཐན་གཙོས་པའི་འཛམ་གླིང་ས་ཁུལ་ཁག་གི་ནང་དུ་དམག་འཁྲུག་དང་རྩོད་རྙོག་ལ་བརྟེན་ནས་ད་ལྟའི་ཆར་མི་གྲངས་ས་ཡ་བརྒྱ་ལྷག་ཡུལ་ལུང་གཅིག་ནས་གཞན་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་དང་། ཁོང་ཚོ་ལ་སྡོད་གནས་དང་ཟ་ཆས་རིགས། གཙང་ཆུ་དང་འཕྲོད་བསྟེན་གྱི་ལྟ་སྐྱོང་། ཤེས་ཡོན་དང་ལས་ཀ་སོགས་དགོས་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

འདས་པའི་མི་ལོ་༤༠ ལྷག་གི་རིང་ཨབ་གྷ་ནི་སི་ཐན་གྱི་ནང་དུ་རང་བྱུང་གོད་ཆག་དང་རྒྱལ་ཁབ་ཏུ་རྩོད་རྙོག་བྱུང་བ། ཟ་ཆས་ཉུང་དྲགས་པ་དང་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་ཕྱིན་པ་སོགས་ཀྱི་དབང་གིས་ཡུལ་མི་མང་པོ་དཀའ་སྡུག་གི་གནས་སུ་གྱུར་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་དྲག་སྤྱོད་ཀྱི་ལས་ཀ་རྒྱ་ཇེ་ཆེ་

དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་པར་བརྟེན། ད་ལྟའི་ཆར་ཨབ་གྷ་ནི་སི་ཐན་གྱི་ཡུལ་མི་ས་ཡ་དྲུག་ལྷག་གིས་རང་ཉིད་ཀྱི་ཁྱིམ་གཞིས་བསྐྱུར་ནས་ས་གནས་གཞན་དང་རྒྱལ་ཁབ་གཞན་དུ་གནས་སྤོ་བྱེད་དགོས་པ་ཐུག་ཡོད་འདུག་པས། འཛམ་གླིང་ཐོག་ཡུལ་མི་གནས་སྤོ་བྱེད་མཁན་གྱི་མི་འབོར་ཆེ་ཤོས་གསུམ་པ་དེ་ཆགས་ཡོད་འདུག

ཡུག་རེན་དང་ཨུ་རུ་སུའི་བར་དུ་དམག་འཁྲུག་ལངས་པར་བརྟེན་ཡུག་རེན་གྱི་ཡུལ་མི་ས་ཡ་༦,༦ ལྷག་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཡུལ་མི་ས་ཡ་བདུན་ལྷག་རྒྱལ་ཁབ་ནང་ལོག་ཏུ་ཡར་མར་གནས་སྤོ་བྱ་དགོས་པ་ཐུག་ཡོད་འདུག་པས། ད་ལྟའི་ཆར་སྐྱབས་བཅོལ་ལ་འགྲོ་མཁན་མང་ཤོས་སུ་གྱུར་ཡོད་འདུག ཡུག་རེན་གྱི་སྐྱེས་པ་རང་ལོ་༡༨ ནས་༦༤ བར་ཚང་མས་རྒྱལ་ཁབ་ཏུ་བསྡད་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པའི་སྟབས་ཀྱིས་ཡུག་རེན་གྱི་སྐྱབས་བཅོལ་བ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་སོགས་ཡིན་འདུག

ལོ་འདིའི་སྐྱབས་བཅོལ་ཉིན་མོའི་བརྗོད་གཞི་ནི་ཁྱེད་ཉིད་སུ་ཞིག་ཡིན་རུང་། གང་དུ་འགྲོ་ཡང་། ཅི་ཞིག་ལས་རུང་། ཁྱེད་ལ་རང་ཉིད་ཀྱི་བདེ་འཇགས་འཚོལ་བའི་ཐོབ་ཐང་ཡོད་ཅེས་པ་དེ་ཡིན་འདུག་ལ་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ཀྱི་སྐྱབས་བཅོལ་བའི་བརྒྱ་ཆ་ལྔ་བཅུ་ནི་ཕྲུ་གུ་ཡིན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།