ཡུ་རོབ་མཐུན་ཚོགས་ཀྱི་ཚོང་རོགས་ཆེ་ཤོས་རྒྱ་ནག་ཆགས་འདུག 

རྒྱལ་སྤྱིའི་རྒྱལ་ཁབ་ཕལ་ཆེ་བའི་དཔལ་འབྱོར་ཉམས་རྒུད་ཕྱིན་ཡོད་པར་བརྟེན། ཕྱི་ལོ་༢༠༢༠ ལོར་ཡུ་རོབ་མཐུན་ཚོགས་དང་ཚོང་འབྲེལ་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་དེ་རྒྱ་ནག་ཆགས་འདུག་པ་དང་། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ད་དུང་ཤུགས་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་འདུག 

ཟླ་༢ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༢༠ ལོར་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་བར་ཨ་སྒོར་ཐེར་འབུམ་༧༠༩ ཡི་ཚོང་འབྲེལ་བྱུང་འདུག་པ་དང་། ཨ་རི་དང་ཡུ་རོབ་མཐུན་ཚོགས་བར་ཨ་སྒོར་ཐེར་འབུམ་༦༧༡ གི་ཚོང་འབྲེལ་བྱུང་འདུག་པས། ཕྱི་ལོ་༢༠༢༠ ཡི་སྔོན་ལ་ཡུ་རོབ་མཐུན་ཚོགས་དང་ཚོང་འབྲེལ་ཤུགས་ཆེ་ཤོས་བྱེད་མཁན་ཨ་རི་ཡིན་འདུག་པ་དང་། ༢༠༡༩ ལོར་ཕྱོགས་གཉིས་བར་ཨ་སྒོར་ཐེར་འབུམ་༧༤༦ བྱུང་འདུག 

དེ་ཡང་ཕྱི་ལོ་༢༠༢༠ ལོའི་མགོ་སྟོད་དུ་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་སོང་ཡོད་ཀྱང་། རྗེས་སུ་རྒྱལ་སྤྱིའི་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་མཁན་སྟོབས་ཆེན་རྒྱལ་ཁབ་གཅིག་པུ་དེ་རྒྱ་ནག་ཆགས་རྗེས། རྒྱལ་ཁབ་དེའི་ནང་ཡུ་རོབ་ཀྱི་རླངས་འཁོར་དང་ཚོང་ཟོག་ཉོ་མཁན་མང་དུ་ཕྱིན་ནས། ཡུ་རོབ་ནས་ནང་འདྲེན་མང་དུ་ཕྱིན་ཡོད་ཁར། རྒྱ་ནག་ནས་ཡུ་རོབ་ལ་གློག་ཆས་དང་སྨན་བཅོས་ཡོ་ཆས་ཕྱིར་འདྲེན་མང་དུ་ཕྱིན་ཡོད་འདུག དེ་ཡང་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་ཕྱིར་འདྲེན་གྱི་བརྒྱ་ཆ་དེ་༢.༢ འཕར་འདུག་པ་དང་། རྒྱ་ནག་ནས་ནང་འདྲེན་དེ་བརྒྱ་ཆ་༥.༦ འཕར་ཡོད་འདུག རྒྱ་ནག་གཞུང་གིས་བཏོན་པའི་གྲངས་ཐོ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་གྲངས་ཐོ་གཅིག་མཚུངས་ཡིན་པ་རེད་འདུག 

ཕྱོགས་གཉིས་བར་ཚོང་འབྲེལ་ཤུགས་ཆེ་རུ་སོང་ཡོད་ཀྱང་། ཕྱོགས་གཉིས་བར་གྱི་ནང་འདྲེན་དང་ཕྱི་འདྲེན་གྱི་ཁྱད་པར་ཡང་ཆེ་རུ་སོང་ཡོད་འདུག ཕྱི་ལོ་༢༠༢༠ ལོར་ཕྱོགས་གཉིས་བར་ཨ་སྒོར་ཐེར་འབུམ་༢༡༩ ཡི་ཚོང་འབྲེལ་ཧེ་བག་བྱུང་འདུག་པ་དང་། ༢༠༡༩ ལོའི་ཧེ་བག་ནི་ཨ་སྒོར་ཐེར་འབུམ་༡༩༩ ཡིན་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཚོང་དམག་བརྒྱབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཕྱོགས་གཉིས་བར་ཕྱི་འདྲེན་དང་ནང་འདྲེན་གྱི་ཧེ་བག་ཆེན་པོ་ཡོད་རྐྱེན་ཡིན་པ་རེད།

ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ཟོག་ཕྱིར་འདྲེན་བྱེད་ཡུལ་གྱི་ཁྲོམས་ར་ཆེ་ཤོས་དེ་ཨ་རི་དང་དབྱིན་ཡུལ་ཡིན་འདུག་ཀྱང་། ཁྱོན་ཡོངས་ཀྱི་ཚོང་འབྲེལ་ཤུགས་ཆུང་དུ་ཕྱིན་ཡོད་པ་རེད། དེ་ཡང་ཡུ་རོབ་མཐུན་ཚོགས་ནས་ཨ་རིར་ཕྱི་འདྲེན་གྱི་བརྒྱ་ཆ་༨.༢ ཆགས་འདུག་པ་དང་། ཨ་རི་ནས་ནང་འདྲེན་བརྒྱ་ཆ་༡༣.༢ ཆགས་ཡོད་པ་རེད། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཡུ་རོབ་མཐུན་ཚོགས་དང་ཚོང་འབྲེལ་གྱི་ཐབས་ལམ་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་མིན་གསལ་ཁ་གང་ཡང་བསྟན་མེད་ནའང་། རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་འདུག དེ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ལས་ཁང་ཚོར་རྒྱ་ནག་གི་ཁྲོམ་རར་ཚོང་རྒྱག་པའི་ལམ་ཁ་སྟབས་བདེ་རུ་གཏོང་བའི་མ་འཛུགས་གྲོས་མཐུན་ཞིག་ཕྱོགས་གཉིས་ཀྱིས་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད་འདུག 

དེ་བཞིན་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གི་ཚོང་ལས་ཁང་ཁག་ཏུ་ཕྱིའི་རྒྱལ་ཁབ་ཁག་ནས་ཐད་ཀར་མ་འཛུགས་ཨ་སྒོར་ཐེར་འབུམ་༡༦༣ བྱུང་ཡོད་པ་དང་། ཨ་རིར་ཨ་སྒོར་ཐེར་འབུམ་༡༣༤ བྱུང་ནས། རྒྱལ་སྤྱིའི་ནང་ཕྱིའི་རྒྱལ་ཁབ་ཁག་ནས་ཐད་ཀར་མ་འཛུགས་བྱེད་ཡུལ་ཆེ་ཤོས་དེ་རྒྱ་ནག་ཆགས་ཡོད་པ་རེད། 

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་དང་ཚོང་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གིས་ཚོད་དཔག་བྱས་པར་གཞིགས་ན། ཕྱི་ལོ་༢༠༢༨ མ་ཡོལ་བའི་སྔོན་ལ་རྒྱ་ནག་དེ་རྒྱལ་སྤྱིའི་ནང་དཔལ་འབྱོར་སྟོབས་ཆེ་ཤོས་དང་པོ་དེ་ཆགས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།